མཐའ་བཞིའི་མུ་ཁྱུད་ས་འཛིན་གྱི་ར་བས་བསྐོར་ཞིང་། རི་རྩེ་ཁ་བའི་གོས་དཀར་གྱིས་བཏུམས་ལ། ཡང་ལ་འཇམ་པའི་ན་བུན་མགུལ་རྒྱན་དུ་བསྒྲོན། རི་སྐེད་སྤང་ལྗོངས་སྔོན་མོར་མེ་ཏོག་ཁྲ་ལམ་མེར་བཞད་པ་དང་། རི་ལྡེབས་ཡོངས་ལ་འགྱུར་མེད་བྲག་གིས་བརྒྱན་ཡོད། རི་འདབས་ནས་ཆུ་མོ་ཤང་ཤང་དུ་རྒྱུག་པའི་སྙན་དབྱངས་སྒྲོག །དེ་ཡི་དབུས་སུ་གནས་པའི་སྦྲ་ནག་ཆུང་ཆུང་ལས་དུ་བ་དགུང་ལ་འཕྱུར་བཞིན་པའི་སུམ་རྩེན་གནས་མཆོག་འདི་ནི་བདག་གི་ཆེས་གཅེས་པར་འོས་པའི་ཕ་ཡུལ་ལོ། །
སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། ཆེས་དགའ་ཤོས་དང་དུང་ཤོས་ཀྱི་གནས་ནི་རང་གི་ཕ་ཡུལ་ཉག་གཅིག་ཡིན་ལ་བདག་ཀྱང་དེ་ལྟར་རོ། །
རྒྱུན་དུ་དྲན་ཤེས་ཀྱི་དབང་པོ་ཕ་ཡུལ་ཕྱོགས་ལ་འཁོར་ཚེ། རང་གི་དྲན་པའི་ངོས་སུ་འཆར་བའི་སྣང་བརྙན་མང་ཆེ་བ་བྱིས་དུས་ཐལ་རྩེད་རྩེ་བའི་རྣམ་པ་དང་། ཨ་ཁུ་མཉམ་དུ་བརྙན་འཕྲིན་ལྟ་བཞིན་པའི་གནས་ཚུལ་དེ་དག་རེད། ད་ཆ་དུས་ཚོད་མང་ཆེ་བ་སློབ་གྲྭར་སྐྱེལ་དགོས་རྐྱེན་ཕ་ཡུལ་ལ་ལོག་པའི་གོ་སྐབས་ཤིན་ཏུ་དཀོན། གང་ལགས་ཤེ་ན། བདག་གི་ཕ་ཡུལ་ནི་སློབ་གྲྭར་བསྐྱོད་ཡུལ་དང་ཁ་ཐག་རིང་བས་སོ། །
ཕ་ཡུལ་གྱི་སྔར་གྱི་རྣམ་པ་དང་ད་ལྟའི་རྣམ་པ་བསྡུར་བ་བྱས་ཚེ། ངོ་མ་མིག་མཐོང་ལག་ཟིན་གྱིས་འགྱུར་བ་བྱུང་ཡོད། སྔོན་མ་ཕ་ཡུལ་ལ་ལོག་ཐེངས་རེར་རྐང་པ་གཡས་གཡོན་སོ་སོ་མི་ཡུལ་དང་དམྱལ་ཁམས་གཉིས་སུ་ཉིས་འཛུགས་བྱེད་དགོས་ཤིང་། ཕྱོགས་ལ་ཐོན་སྐབས་དམིགས་ཡུལ་དུ་མ་སླེབས་བར་དུ་སྐྲག་སྣང་འབའ་ཞིག་གི་ངང་བསྐྱོད་དགོས་ཀྱི་ཡོད། ལམ་ཁ་རྒྱ་ཆུང་ལ་འདམ་རྫབ་ཀྱིས་ཁེངས་པ། སྐབས་འགར་ཆར་ཆུ་འབེལ་པོ་བྱུང་ཚེ་རི་ལྡེབས་ཀྱི་རྦབ་རྡོ་འགྲིལ་བའི་ཉེན་ཁ་ཤིན་ཏུ་ཆེ། ཡིན་ཡང་། ད་ཆ་ཏང་གི་བཀའ་དྲིན་འོག་ཉེན་ཁ་ཆེ་བའི་རི་ངོས་ཕལ་ཆེ་བ་ལྕགས་སྐུད་དང་ཨར་འདམ་གྱིས་དམ་དུ་བཅིངས་ཡོད་ཅིང་། འོག་གི་ལམ་སྐྱོར་བཟང་བ་དང་། ལྷག་ཏུ་གཞུང་ལམ་ཡོད་ཚད་སྣུམ་ནག་གཞུང་ལམ་དུ་བསྒྱུར་ཡོད་པས། ཕར་ཚུར་བློ་བདེ་བག་ཕེབས་ངང་བསྐྱོད་ཆོག །
སྔོན་མར་མཚོན་ན། གནས་ཚུལ་ཆེ་ཆུང་ཅི་འདྲ་ཞིག་ལྷག་རུང་། ངེས་པར་དུ་ལམ་ཐག་རིང་པོར་བསྐྱོད་དེ་ཆ་འཕྲིན་དེ་ཕ་རོལ་པོ་ལ་སྐྱེལ་དགོས་ཀྱི་ཡོད་པས་འགོར་འགྱངས་ཤིན་ཏུ་ཆེ། ད་ཆ་ནི་བསྡུར་ཐབས་ག་ལ་ཡོད་དེ། ཕན་ཚུན་དབར་ལེ་དབར་བརྒྱ་སྟོང་གིས་ཆོད་ཀྱང་རང་ཁྱིམ་དུ་བསྡད་ནས་འབྲེལ་གཏུགས་བྱེད་ཆོག་ཆོག་ཡིན་ལ། རོལ་རྩེད་དང་བརྙན་འཕྲིན། གསར་འགྱུར་སོགས་ཚང་མ་སྒོར་ཐོན་མ་དགོས་པར་ལོངས་སུ་སྤྱོད་ཆོག །
དེ་ལྟར་ཕ་ཡུལ་ནི་ཡག་ཐོག་ཡག་བརྩེགས་དང་སྔར་བས་མཛེས་སྡུག་ལྡན་པར་གྱུར། དེ་དག་ཡོད་ཚད་ནི་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་བྱུང་བ་ཡིན། ངས་ཀྱང་བདག་ལ་བྱམས་སྐྱོང་གནང་མཁན་གྱི་ཕ་མ་དང་དགེ་རྒན་ཚོའི་རེ་བ་ཆུད་ཟོས་སུ་མ་བཏང་བར་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་མ་འོངས་པར་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་སླད་རང་ནུས་ཅི་ལྕོགས་འདོན་ངེས་ཡིན་ནོ། །
ནག་ཆུ་འབྲི་རུ་རྫོང་སློབ་འབྲིང་དང་པོ་ལོ་རིམ༩(༧)
ཟུར་ཁྲིད་དགེ་རྒན། རྒྱ་ལོད།