西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་ཕའི་བརྩེ་བ། ༄༅། །ང་དང་ངའི་ནང་མི། དམིགས་ཚད་བླང་བྱ་ཁ་གསལ་ཞིང་། ལས་ཀའི་གཙོ་གནད་མངོན་གསལ་དགོས།

放大 缩小 默认

༄༅། །ང་དང་ངའི་ནང་མི།

□ 作者 འཇམ་དབྱངས་སྒྲོལ་དཀར།

ཁྱིམ་ཚང་གིས་ང་ཚོའི་འཚོ་བའི་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། ལང་ཚོ་དར་ལ་བབས་པའི་ང་ཚོ་ད་ལྟ་བར་དུ་ཁྱིམ་ཚང་གི་རྒྱབ་སྐྱོར་དང་གསོ་སྐྱོང་འོག་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད།

རྟག་ཏུ་མི་གཞན་གྱིས་ང་ལ་ནང་མི་ཞེས་པའི་ཚིག་འདི་གླེང་དུས་ང་ལ་ཧ་ཅང་དྲོ་སྐྱིད་ལྡན་པའི་ཚོར་བ་ཞིག་སྟེར་གྱིན་འདུག གང་ཡིན་བརྗོད་ན། ང་ལ་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡོད་པས་ཡིན། མ་གཞི་ངའི་ཁྱིམ་ཚང་འདི་ཧ་ཅང་ཆ་ཚང་བའི་ཁྱིམ་ཚང་ཞིག་མིན་ཏེ། ང་རང་སྐྱེ་དུས་ངའི་བྱམས་བརྩེ་ལྡན་པའི་སྤོ་བོ་ལགས་འཇིག་རྟེན་ནས་ཁ་བྲལ་ཟིན། ཡིན་ཡང་ངའི་པ་ཕ་དང་ཨ་མའི་ངག་ནས་ངས་ངའི་སྤོ་ལགས་ནི་མི་གང་འདྲ་ཞིག་ཡིན་པ་ཤེས་བྱུང་། སྐབས་རེ་ང་རང་ལ་སྐྱོ་བ་དང་མ་སྐྱིད་པ་བྱུང་དུས་ང་རང་ད་ལྟ་རང་སྤོ་བོ་ལགས་དང་མཇལ་རྒྱུ་བྱུང་ན་ཅི་མི་རུང་སྙམ་བྱུང་། ཡིན་ན་ཡང་ཚེ་ལས་འདས་པའི་མི་དེ་བསྐྱར་གསོན་བྱ་རྒྱུ་ཞིག་ག་ལ་ཡོད། གནས་ཚུལ་དེས་ངས་ད་ལྟ་ནང་མི་རྣམས་དང་མཉམ་སྡོད་མཉམ་འཚོ་སྐབས་ངེས་པར་ཕན་ཚུན་གཅེས་འཛིན་བྱེད་དགོས་པའི་གནས་ལུགས་ཤེས་བྱུང་། སུ་ལའང་མ་སྐྱིད་པ་དང་མ་འགྲིག་པ་འབྱུང་སྲིད་ཀྱང་ནང་མི་ཕན་ཚུན་ངེས་པར་བསམ་ཤེས་འཆམ་མཐུན་བྱེད་དགོས་པ་ནི་ཁྱིམ་ཚང་གཅིག་གི་ནང་མིས་སྲུང་དགོས་པའི་འགན་འཁྲི་ཨང་དང་པོ་དེ་ཡིན་སྙམ་གྱི་འདུག ད་ལྟ་ངའི་ཁྱིམ་དུ་ནང་མི་ལྔ་ཡོད། འདས་ཟིན་པའི་འཚར་ལོངས་ལ་ཕྱིར་བལྟས་བྱེད་དུས་ཧ་ཉིད་མ་གོ་བའི་ང་རང་གིས་ཕ་མ་ལ་རང་གཤིས་ཀྱིས་ཨུ་ཚུགས་དང་ཁ་ལན་སློག་པ་ནི་ཉུང་ཉུང་མིན། ཡིན་ཡང་ཁོ་ཚོའི་བྱམས་སེམས་དང་ཐུགས་ཁུར་གྱིས་ང་རང་གཉིད་ལས་སད་དུ་འཇུག་ལ་འཚར་ལོངས་ཀྱི་ལོ་ཟླས་ང་ལ་བློ་འབྱེད་ཀྱི་སློབ་གསོ་དང་ཕ་མས་བུ་ཕྲུག་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་མྱང་དུ་བཅུག

ངའི་བསམ་བློར་ང་རང་བདེ་སྐྱིད་དང་ལྡན་པའི་ཁྱིམ་ཚང་འདི་དང་བྱམས་བརྩེ་དང་ལྡན་པའི་ནང་མི་དེ་དག་གི་འགྲམ་ནས་འཚར་ལོངས་ཡོང་རྒྱུ་བྱུང་བ་དེ་ནི་ངའི་བསོད་ནམས་ཡིན་ཨང་སྙམ་བཞིན་ཡོད། དེ་སྔོན་ང་དང་ངའི་ནང་མི་གཞན་རྣམས་ཆེས་འཆམ་མཐུན་གྱི་སྒོ་ནས་ཕན་ཚུན་མཉམ་སྡོད་མཉམ་འཚོ་བྱེད་ནུས་ཀྱང་གང་ཡིན་མ་ཤེས་པར་རྟག་ཏུ་ཨ་མ་དང་ཁ་རྩོད་ཤོར་བ་ཡིན། ཨ་མའི་དུས་རྒྱུན་གྱི་ལྟ་རྟོག་དང་སེམས་ཁྲལ་མང་པོས་ང་རང་ལ་སུན་སྣང་སྐྱེ་རུ་འཇུག ཡིན་ཡང་གཅུང་མོ་སྐྱེས་པ་ནས་ངས་ཨ་མའི་དཀའ་ངལ་དང་དཀའ་ཚེགས་ཤེས་ལ་ལྷག་པར་ང་རང་ཕྱི་ཕྱོགས་ལ་སློབ་གྲྭར་འགྲོ་བ་ནས་བཟུང་ངས་ཨ་མའི་བྱམས་བརྩེ་དེ་བས་དྲན་པ་མ་ཟད་ཁོང་གི་ལྟ་རྟོག་དང་ཐུགས་ཁུར་དེ་བས་དྲན་བཞིན་འདུག ངས་ཨ་མ་ཞིག་གིས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་ཇི་འདྲའི་ལྷད་མེད་རང་འགུལ་ཞིག་ཀྱང་ཡིན་པ་ཤེས་བྱུང་།

ནང་མི་ནི་ཕན་ཚུན་ཤ་ཁྲག་འདྲེས་ཡོད་ཀྱང་མི་རེ་རེ་ལ་གཤིས་ཀ་རེ་རེ་དང་བསམ་ཚུལ་མི་འདྲ་བ་རེ་ཡོད་པས། སྐབས་སྐབས་ལ་ཕན་ཚུན་འགལ་ཟླ་བྱུང་ཡང་རྒྱུན་ལྡན་རེད། དེ་གནས་ཚུལ་ཚབས་ཆེན་ཞིག་ལ་མ་བརྩིས་པར་ཕན་ཚུན་ཁ་ཁོག་པ་མ་གསང་བར་རང་གི་དྲན་ཚུལ་བསམ་ཚུལ་ནང་མིར་ཤོད་རེས་དང་ཕན་ཚུན་འགྲེལ་བཤད། ཕན་ཚུན་བསམ་ཤེས་བྱས་ན་ད་གཟོད་འཆམ་མཐུན་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་བྱུང་བ་ཡིན། ནང་མི་ཚང་མར་རེ་བ་དང་འགན་འཁྲི་གཅིག་གྱུར་ཞིག་ཡོད་པ་ནི་ང་ཚོ་སྤྱི་ལ་དབང་བའི་ཁྱིམ་ཚང་འདི་ཉིད་དྲོ་སྐྱིད་ལྡན་པའི་ལུས་སེམས་ཀྱི་རྟེན་གཞི་ཞིག་ལ་བསྐྲུན་རྒྱུ་དེ་ཡིན། ཁྱིམ་ཚང་གིས་ང་ཚོའི་དཀའ་ངལ་སེལ་བ་མ་ཟད་ཕན་ཚུན་རོགས་རེས་ཀྱིས་མཉམ་དུ་བདེ་སྐྱིད་ལོངས་སུ་སྤྱོད་དགོས། ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན། །ཕྱི་གེ་སར་དམག་ལ་སྐྲག་དོན་མེད། །ཅེས་པ་ལྟར་ང་ཚོས་ནང་མི་ཕན་ཚུན་བར་གྱི་འབྲེལ་བ་འདི་ལེགས་སྒྲིག་ཡག་པོ་བྱེད་ཐུབ་ན་བྱ་བ་གང་ཞིག་བྱས་རུང་ལེགས་འགྲུབ་ཡོང་ངེས་ཡིན་ནོ། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༡༤) འཇམ་དབྱངས་སྒྲོལ་དཀར།

ཟུར་ཁྲིད་དགེ་རྒན། སྤེན་པ་ཚེ་རིང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明