ངའི་པཱ་ལགས་ལ་ཀྲུའུ་ཙི་ཆིང་པཱ་ལགས་ཀྱི་རྒྱབ་གཟུགས་མེད་ལ་མི་གཞན་གྱི་པཱ་ལགས་དང་འདྲ་བར་ངང་རྒྱུད་རིང་པོ་ཞིག་རྩ་བ་ནས་མེད། ཁོང་གི་དམར་མདངས་ལྡན་པའི་ཞལ་སྟེང་གི་གཉེར་མ་དེ་དག་ནི་རྒྱན་ཆ་ཞིག་དང་འདྲ་བར་འཛུམ་དམུལ་ཚེ་རྦ་རླབས་ཚུལ་དུ་མངོན། ཁོང་གི་ནག་ཅིང་རྩུབ་པའི་ཕྱག་གཉིས་ནི་ཀ་བ་ཆེན་པོ་ཞིག་དང་འདྲ་བར་ང་ཚོའི་ཁྱིམ་ཚང་སྐྱོང་བཞིན་ཡོད། ཁོང་གི་ཞབས་གཉིས་ནི་ཤིང་རྟ་འཁོར་ལོ་ཞིག་དང་འདྲ་བར་དེ་སྔོན་འཁོར་ལོ་དེའི་སྟེང་དུ་བསྡད་ནས་ས་ཆ་མང་པོར་འགྲོ་མྱོང་།
ཁོང་ནི་རྫོགས་མཐའ་མེད་པའི་དཔེ་ཆ་ཆེན་པོ་ཞིག་དང་འདྲ་བར་ངས་ཁོང་གི་དྲུང་ནས་ཤེས་བྱ་མང་པོ་ཞིག་ཤེས་བྱུང་ལ། ཁོང་ནི་རི་བོ་ཆེན་པོ་ཞིག་དང་འདྲ་བར་དུས་ནམ་ཡང་ངའི་རྟག་བརྟན་གྱི་རྒྱབ་རི་ཆེན་པོ་དེ་ཡིན། གལ་ཏེ་ཨ་ཕའི་བརྩེ་བ་ལ་སྐད་སྒྲ་ཡོད་ཚེ་དེ་ནི་ང་རང་སློབ་གྲྭར་འགྲོ་བའི་ལམ་བར་གྱི་བྲག་རི་མཐོ་པོའི་རྩེ་ནས་ཕྱག་གཡུགས་གཡུགས་གནང་བ་དེ་ཡིན། གལ་ཏེ་ཨ་ཕའི་བརྩེ་བ་ནི་སྒེར་སེམས་ཆེ་བ་ཞིག་ཡིན་ཚེ་དེ་ནི་རང་གིས་ཉིན་གང་དཀའ་ལས་བརྒྱབ་ཀྱང་འཐུང་ཆུ་འཐུང་མི་ནུས་པར་ང་རང་ལ་སྦྱིན་པ་དེ་ཡིན་སྲིད། གལ་ཏེ་ཨ་ཕའི་བརྩེ་བ་ནི་མངོན་གསལ་དོད་པོ་མེད་པ་ཡིན་ཚེ་དེ་ནི་གཅེན་མོ་རྣམས་ཀྱིས་མི་ཤེས་པ་བྱས་ཏེ་རང་གི་སྒེར་དངུལ་ནས་ང་ལ་འཚོ་བའི་འགྲོ་དངུལ་མང་ཙམ་སྤྲད་རྒྱུ་དེ་ཡིན་སྲིད། ཨ་ཕའི་བརྩེ་བ་ནི་ཨ་མ་དང་མི་འདྲ་བར་དུས་ནམ་ཡང་ཞལ་ནས་ཐོན་ཁག་ཀྱང་བརྩེ་བ་ནི་ཨ་མ་ལགས་ལས་མི་ཉུང་ངོ་། །
པཱ་ལགས། ཁྱེད་ལ་དེང་དུས་ཀྱི་ཤེས་ཡོན་མེད་ཀྱང་ལྷད་མེད་ཀྱི་ལྷག་བསམ་ལྡན། ཁྱེད་ལ་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་གོ་ས་མེད་ཀྱང་བྱམས་དང་སྙིང་རྗེའི་ཐུགས་རྒྱུད་ལྡན། ཁྱེད་ནི་རྒྱུ་འབྲས་ལ་བརྩི་ཞིང་དྲང་བདེན་གྱི་འཚོ་བར་མཉེས། རྟག་ཏུ་འཛུམ་མདངས་མེད་ཀྱང་སྒམ་བརླིང་གི་རྣམ་འགྱུར་དེ་ཚོས་ངའི་བྱ་བ་རེ་རེར་བླང་དོར་གནང་། ཁ་ཡ་དང་བསྟོད་པ་ཉུང་ཡང་ང་ལ་དྲང་པོ་དང་བདེན་པའི་རང་གཤིས་ཀྱིས་ང་ལ་གཞུང་དྲང་དང་དྲང་བདེན་གྱི་མི་ཚེའི་བགྲོད་ལམ་གྱི་ཁ་ཕྱོགས་གནང་། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ། བུང་ཆུང་།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།