西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །རྩྭ་འཇག་མའི་ལེགས་སྐྱེས། ༄༅། །བརྗེད་པར་དཀའ་བའི་དམའ་འབྲིང་གི་འཚོ་བ། ༄༅། །ཕ་ས་ཕ་ཡུལ། ༄༅། །སེམས་ཀྱི་ཡིག་འཕྲིན་དམར་པོ།

放大 缩小 默认

༄༅། །སེམས་ཀྱི་ཡིག་འཕྲིན་དམར་པོ།

□ 作者 ཚངས་པ་དོན་འགྲུབ།

ད་ལོའི་དཔྱིད་ཀའི་དུས་སུ། །

རེ་བས་བཏབ་པའི་མེ་ཏོག །

སྟོན་ཁ་མ་ཟིན་གོང་ནས། །

སད་དང་བ་མོས་བཅོམས་སོང་། །

ཆུ་མོ་ཡར་ཀླུང་གཙང་པོར། །

སེམས་འཕྲིན་ཕོ་ཉ་བཏང་ཡང་། །

དགའ་མ་ཡིད་འཕྲོག་ལྷ་མོས། །

འཕྲིན་ལན་གང་ཡང་མ་བྱུང་། །

གནས་བཟང་གཉན་ཆེན་ཐང་ལྷར། །

དར་ཚོན་སྣ་ལྔ་གསོལ་ཡོད། །

བསྔོ་སྨོན་བྱིན་རླབས་བདག་པོས། །

རླུང་རྟའི་དངོས་འགྲུབ་སྩོལ་རོགས། །

དབུས་ཀྱི་བར་སྐོར་ལམ་ན། །

མི་ཚོགས་གྲོག་མའི་ཚང་བཞིན། །

སྙིང་ཆུང་དམར་པོའི་དབུས་ན། །

དགའ་མ་ཁྱེད་ལས་མིན་འདུག །

སྟོན་མཇུག་རི་ཀླུང་གང་སར། །

འདབ་དྲུག་ཁ་བས་རྒྱན་སོང་། །

བུ་ངའི་སེམས་ཀྱི་ལྷ་མོ། །

ལྷང་ལྷང་སེམས་ནང་དྲན་འོང་། །

ཤེས་རིག་སློབ་གསོའི་གྲོང་དུ། །

བློ་གསལ་བུང་བ་འཁོར་བྱུང་། །

བཤེས་གཉེན་པད་མའི་བདུད་རྩི། །

ཤེས་དཔལ་གླིང་གི་རྒྱན་ཆ། །

ཤར་ཕྱོགས་སྤྲིན་བཟང་དཀར་པོ། །

ང་རང་སྒུག་ཙམ་གནང་དང་། །

བྱང་གི་གཞིས་ཁྱིམ་དྲོན་མོར། །

དྲན་པའི་ཡིག་ཆུང་བསྐུར་ཡོད། །

ཁྱོད་ནི་མོན་གྱི་ཁུ་བྱུག །

ང་ནི་དཔྱིད་དཔལ་གཞོན་ནུ། །

ནམ་ཟླ་མ་གྲང་གོང་དུ། །

རེ་བའི་མཇལ་འཕྲད་ལོས་ཡོད། །

སྟོན་མཇུག་དུས་ཀྱི་མཐའ་ལ། །

འདབ་ལོ་ཤིང་དང་བྲལ་སོང་། །

སང་ལོའི་དཔྱིད་ཀྱི་དུས་སུ། །

གཤིན་སའི་བཅུད་དུ་སྨིན་ཤོག །

ཉམས་ཆུང་བདག་གི་མཛའ་མོ། །

དབང་མེད་དུས་ཀྱིས་འཕྲལ་སོང་། །

བྲལ་ནས་ལོ་མང་སོང་ཡང་། །

སེམས་ནས་བསུབ་ཐབས་མིན་འདུག །

འཁོར་བ་ལས་ཀྱི་ཐང་ལ། །

སེམས་མཐུན་ངང་པ་ཆ་འགྲིག །

ལས་དབང་བཙན་པོ་ཞིག་གིས། །

མཉམ་གཤིབ་སྐལ་བ་མ་བྱུང་། །

ཧ་ཅང་དྲན་པས་གཟིར་ནས། །

སེམས་འཕྲིན་ཡི་གེར་བརྐོས་ཡོད། །

ལས་ཀྱི་བསྐོས་ཐང་ཡོད་ན། །

འཁོར་བའི་གྲོང་ནས་མཇལ་ཡོང་། །

ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།

ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明