ཕ་བཟང་གི་བུ་རྒྱུད། གཡག་བཟང་གི་ཀོ་བ་ལྟ་བུའི་སློབ་གླིང་གི་སློབ་མ་ཚོ། ཀ་བ་བཞིན་དུ་དྲང་དགོས། ཀ་རྡོ་བཞིན་དུ་བརྟན་དགོས། ཡར་དཔེ་ཞྭ་ལ་བལྟ་དགོས། ཞྭ་ལུང་དར་གྱིས་བརྒྱན་དགོས། ཁ་དཔེ་ལ། སྤྱོད་གཙང་ལུས་ཀྱི་རྒྱན། ཚིག་འཇམ་ངག་གི་རྒྱན། གཞུང་དྲང་ཡིད་ཀྱི་རྒྱན། རྒན་དམ་པའི་ཁ་ལ་བརྩི་དགོས། དྲིན་ཕ་མའི་དྲིན་ལན་དྲན་དགོས་ཟེར།
ཆུ་དང་འོ་མ་འདྲེས་པ་བཞིན་ལྷད་མེད་སེམས་པ་གཅིག་མཐུན་གྱི་གངས་ལྗོངས་ཀྱི་སློབ་མ་ཚོ། ཁ་དཔེ་ལ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། འདོ་རིགས་རྟ་ལ་བང་རྩལ་ཡོད་ན། ཨ་ཆེན་ཐང་ལ་ཟད་མཐའ་མེད། ཅེས་ཟེར་བས་རིག་པ་ཡིས་ཐང་ཆེན་བརྒལ་ནས་ཤེས་བྱ་ཡི་སྦྲང་རྩི་ལེན་དགོས།
བརྩེ་དུང་སྔོན་མོ་མཚོ་ལས་ཟབ་ཅིང་ལྷག་བསམ་དཀར་པོ་གངས་ལས་དཀར་བའི་སློབ་གླིང་གི་སློབ་མ་ཚོ། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས། ཤེས་རབ་ཅན་ནི་སྤང་ལ་མེ་ཤོར་འདྲ། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་ལ་སྐྱེས་ན་བླུན་པོ་ཡིན། ཁ་ཆག་སྣ་རལ་མ་བྱུང་གོང་། བསམ་བློ་དྲུག་གསུམ་བཅོ་བརྒྱད་ཐོངས། དཔྱིད་གསུམ་ས་བོན་མ་བཏབ་ན། སྟོན་གསུམ་འབྲུ་དྲུག་ག་ལ་སྨིན། རིག་པ་གཞོན་དུས་སློབ་ན། འབྲས་བུ་རྗེས་ལ་སྨིན་ངེས། མི་ལ་བརྩོན་འགྲུས་ལྡན་གྱུར་ན། འཇིག་རྟེན་འདི་ལ་དཀའ་བ་མེད། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། བྲག་གི་རི་བོ་འབིགས་ལ་ལྟོས།
དཔའ་གཏམ་གཡུ་འབྲུག་སྐད་ལས་ཆེ། ལག་ལེན་ནམ་མཁའི་འཇའ་ལྟར་ཡལ་བའི་སློབ་གླིང་གི་སློབ་མ་མ་བྱེད། བུ་ཕོ་ཡིན་ན་ཡོན་ཏན་དགོས། རྟ་ཕོ་ཡིན་ན་ངར་འགྲོས་དགོས། སློབ་མ་ཡིན་ན་ཡོན་ཏན་དགོས། ཕ་ཤུལ་བུ་ཡིས་འཛིན་དགོས། ཁབ་ཤུབས་སྐུད་པས་ཟིན་དགོས། མེ་བུད་རྗེས་ལ་ས་ཚིག་དགོས། ཕ་བཟང་པོའི་རུས་པར་གསེར་བརྒྱན་མི་ཐུབ་རུང་། སྐྲ་དཀར་པོའི་སྐྱི་བསེར་རླུང་ལ་མ་སྐུར་ཅིག ཕ་སྐད་རུས་པ་ཡིན་ཡང་དམུར་དགོས། མ་ཡིག་ས་རྒོད་ཡིན་ཡང་རྨོ་དགོས། བསྐལ་པ་བཟང་པོའི་སྲོལ་བཟང་དེ། དུས་ཚོད་ངན་ཡང་བསྐྱུར་རྒྱུ་མེད། ཆང་འཐུང་ན་ཚད་ཅིག་དགོས། གཏམ་བཤད་ན་བདེན་ཅིག་དགོས། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང། རང་གི་ཕ་སྐད་བརྗེད་ན་ངོ་ཚའི་རྒྱུ། ཤ་ཚའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ང་ཕོ་ངན་ཚིག་ལ་འོད་མདངས་མེད་དེ། དོན་གལ་པོ་ཆེ་ལ་ནན་ཏན་བྱེད། ཁྱེད་གར་བསྡད་ས་ལ་བཀྲ་ཤིས་ཤོག ཁྱེད་གར་སོང་ས་ལ་དོན་འགྲུབ་ཤོག །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༧)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


