西藏青年报藏文版གལ་ཆེའི་གསར་འགྱུར། རྒྱང་ཐག་རིང་ཤོས་ཀྱི་བཀོད་སྒྲིག་བྱ་ཡུལ་ནས“རྒྱལ་ཁབ་རུ་ཁག”གི་འགན་སེམས་མངོན་པ། ལག་རྩལ་བྱང་ཆུབ་པ་སྦྱངས་ནས་གངས་ལྗོངས་ཀྱི་མཁའ་དབྱིངས་སྲུང་སྐྱོང་བྱེད་པ། སྦྲ་ཆེན་གྱི་ཡོམ་འགོག་གེགས་སེལ་བྱེད་པར་གཞོན་ནུ་དང་བླངས་པ་རྣམས་ཀྱིས་བཀའ་ལྟར་ལས་འགན་འགྲུབ་པ།

放大 缩小 默认

སྦྲ་ཆེན་གྱི་ཡོམ་འགོག་གེགས་སེལ་བྱེད་པར་གཞོན་ནུ་དང་བླངས་པ་རྣམས་ཀྱིས་བཀའ་ལྟར་ལས་འགན་འགྲུབ་པ།

ཟླ་10ཚེས་22ཉིན་གྱི་ཆུ་ཚོད་10དང་སྐར་མ་33ཐོག་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་ཏིང་ཚད་སྤྱི་ལེ་10ཟིན་ཞིང་ས་ཡོམ་ལྟེ་གནས་ནི་དམར་རུ་ཤང་གི་ཉེ་འཁོར་ཡིན། གནོད་ཁུལ་གྱི་ས་བབ་མཐོ་ཞིང་དྲོད་ཚད་དམའ་བ་དང་། ད་དུང་ཡོམ་འཕྲོ་ཡོད་པས་ཉེན་སྐྱོབ་བཀོད་སྒྲིག་བྱེད་པར་དུས་ཚོད་དམ་འཛིན་བྱ་དགོས་བྱུང་། གནོད་འཚེ་ནི་བཀའ་རྒྱ་ཡིན་པས་ས་ཡོམ་འགོག་རྒོལ་གེགས་སེལ་གྱི་མདུན་སར་གཞོན་ནུ་དང་བླངས་ཚོགས་པའི་ཚོགས་མི་རྣམས་ཀྱིས་བཀའ་ལྟར་མྱུར་དུ་བསྐྱོད་ཅིང་གདོང་ལེན་བྱས་ཡོད།

ལོ་23ཡིན་པའི་ཡན་གོ་ཆང་ནི་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ནས་ཡོང་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན། 2025ལོའི་ཟླ་8པར་བོད་དུ་དང་བླངས་ཞབས་ཞུ་བྱེད་པར་ཡོང་བ་དང་ས་ཁུལ་ཐད་གཏོགས་ལས་ཁུངས་སུ་ལོ་གཅིག་རིང་ཞབས་འདེགས་ཞུས་རྗེས། ད་ལོའི་ཟླ་བ་ལྔ་པར་རང་འགུལ་གྱིས་ལས་གནས་བསྒྱུར་ནས་གཞི་རིམ་དུ་བསྐྱོད་དེ་ནག་ཆུ་གྲོང་ཁྱེར་སོག་རྫོང་དུ་སླེབས་རྗེས་ཁོས་མང་ཚོགས་དང་ཐག་ཉེ་ཙམ་བྱེད་དགོས་སྙམ་གྱི་ཡོད།

ཚེས་22ཉིན་གྱི་དགོང་མོར་ས་ཡོམ་རྒྱག་སྐབས་ཡན་གོ་ཆང་ཉལ་ཁང་དུ་ངལ་གསོ་བྱེད་བཞིན་ཡོད། ཐོག་མར་མལ་ཁྲི་གཡོ་འགུལ་བྱེད་པ་ཙམ་ལས་ཚོར་སྣང་མ་བྱུང་བ་དང་དེ་ནས་རིམ་བཞིན་གཡོ་འགུལ་ཤུགས་ཆེ་རུ་ཕྱིན་ཏེ། སྐར་ཆ་གསུམ་བཞིའི་རྗེས་སུ་ཁང་པ་ཧྲིལ་པོ་ཡང་ཤུགས་ཆེན་འགུལ་ཞིང་ཅོག་ཙེའི་སྟེང་གི་དངོས་པོ་རྣམས་གང་སར་འཐོར་ནས་ཡར་ལངས་ཀྱང་དཀའ་བར་འདུག་ཅེས་ཡན་གོ་ཆང་གིས་ས་ཡོམ་སྐབས་ཀྱི་ཚོར་སྣང་བཤད།

དེའི་རྗེས་སུ་རྫོང་ཨུད་ཀྱི་ལས་གནས་ཐོག་ཡོད་པའི་ལས་བྱེད་པ་དང་ལས་བཟོ་ཚང་མ་སྲིད་གཞུང་གི་སྒོ་རའི་དར་ཤིང་འོག་ཏུ་འཛོམས་དགོས་པའི་བརྡ་ཐོ་འབྱོར། མཚན་མོར་མུན་པོ་ནག་ཅིང་རླུང་བུ་གྲང་མོ་ལྡང་བཞིན་ཡོད་པ་རེད། དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་དགོས་མཁོ་ཆེན་པོ་ཡོད་པ་ཤེས་རྗེས། ཁོས་སྔོན་ལ་གྲལ་བསྒྲིགས་ནས་རང་འགུལ་གྱིས་མདུན་དུ་བསྐྱོད་དེ་ང་ནི་གཞོན་ནུ་དང་བླངས་པ་ཡིན་ལ། ལོ་ཡང་ཆུང་བས་ང་རང་ཐོག་མར་འགྲོ་རྒྱུ་ཡིན་ཞེས་ཡན་གོ་ཆང་གིས་བློ་ཐག་ཆོད་པོས་དེ་ལྟར་བཤད་པ་རེད།

མཚན་མོ་དེར། སོག་རྫོང་ནས་ས་ཡོམ་གྱི་ལྟེ་གནས་སྦྲ་ཆེན་རྫོང་དམར་རུ་ཤང་བར་གྱི་ལམ་དུ་རོགས་སྐྱོབ་རླངས་འཁོར་གྱིས་ཁེངས་ཤིང་། རླངས་འཁོར་གྱི་གློག་འོད་རྣམས་གཡོ་འགུལ་བྱེད་པའི་ཐིག་གཅིག་ཏུ་སྦྲེལ་ནས། ས་མཐོའི་མཚན་མོའི་ཁྲོད་དལ་བུར་མདུན་དུ་བསྐྱོད་བཞིན་ཡོད། ཚེས་23ཉིན་གྱི་ཆུ་ཚོད་གཉིས་པར་བྱང་ཐང་རྩྭ་ཐང་གི་གྲང་རླུང་ངར་མས་རུས་ཟུག་རྒྱག་པའི་གྲང་ཟུག་གིས་མིའི་འགྲམ་པ་ན་བར་བྱེད་པའི་ཁྲོད་ཡན་གོ་ཆང་གིས་སྣེ་ཁྲིད་པའི་རོགས་སྐྱོབ་རུ་ཁག་དམར་རུ་ཤང་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་འབྱོར། མིག་མདུན་དུ་ཁང་པ་འགྱེལ་བ་དང་རྩིག་པ་གས་ཤིང་ཁ་བྲལ་ནས་རྡོ་ཧྲུག་གང་སར་འཐོར་འདུག་པས་ཁོས་ཐེ་ཚོམ་མེད་པར་ལས་རོགས་པ་དང་མཉམ་དུ་སྔོན་ལ་གུར་ཕུབ་རོགས་བྱས། དངོས་ཟོག་བླུགས་པའི་རླངས་འཁོར་རིམ་བཞིན་འབྱོར་རྗེས། ཁོ་ཚོས་དོ་པོ་ཕབ་ལེན་དང་སྐྱེལ་འདྲེན་གྱི་ལས་ཀ་འགོ་བཙུགས་ཏེ་བལ་གོས་དང་ཉལ་ཆས། གུར། ཐུག་པ་སྐམ་པོ། འཐུང་ཆུ་བཅས་རླངས་འཁོར་ནང་ནས་རེ་རེ་བཞིན་དབོར་འདྲེན་བྱས་པ་རེད། གྲང་རླུང་ངར་པོ་ཡན་གོ་ཆང་གི་ལག་པར་ཕོག་དུས་ཁོའི་ལག་པ་དམར་པོར་གྱུར་ཅིང་མཛུབ་རྩེ་སྦྲིད་པ་དང་། གྱོན་ཆས་ལ་ས་རྡུལ་འགོས་ཀྱང་དོ་སྣང་བྱེད་ཁོམ་མེད་པར་བྲེལ་འཚུབ་ངང་དངོས་ཟོག་དབོར་འདྲེན་གྱི་ལས་བྲེལ་བ་རེད།

དྲོད་ཚད་དམའ་བས་ཐང་ཆད་པ། ངལ་རྩོལ་དྲག་པོ་བཅས་ཀྱིས་རོགས་སྐྱོབ་མི་སྣ་ཚོའི་ལུས་པོའི་བྱང་ཚད་ལ་ཚོད་ལྟ་བྱེད་པ་དང་འདྲ། ཡན་གོ་ཆང་གི་མིག་ལམ་དུ་ཡུལ་དངོས་ཀྱི་རྣམ་པ་རེ་རེ་ནི་མི་སེམས་འགུལ་བར་བྱེད་པ་ཞིག་རེད། གནམ་གཤིས་གྲང་བ་དང་ལས་འགན་ལྕི་པོ་ཡོད་ཀྱང་མི་གཅིག་གིས་ཀྱང་ཕྱིར་བཤོལ་བྱས་མེད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་བ། དང་བླངས་པ་རྣམས་སྐད་རིགས་ཀྱི་ཁྱད་པར་ཡོད་ན་ཡང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མང་ཚོགས་རྣམས་བདེ་འཇགས་ཡོང་བར་འབད་བརྩོན་གྱི་སྟོབས་ཤུགས་འདོན་བཞིན་འདུག་ཅེས་ཡན་གོ་ཆང་གིས་བཤད།

མཚན་གང་རོགས་སྐྱོར་ལས་ཀ་བྱས་ཏེ་ས་ཡོམ་རྗེས་སུ་སྒྲིག་ལམ་བསྐྱར་གསོ་དང་བཀོད་སྒྲིག་ས་ཚིགས་རིམ་བཞིན་གོ་རིམ་ལྡན་པ་ཆགས་པར་བྱས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རོགས་སྐྱོབ་རུ་ཁག་རྣམས་ལེ་དབར་སྟོང་ཕྲག་མང་པོ་བརྒྱུད་དེ་གནོད་འཚེ་ཕོག་ཁུལ་དུ་འབྱོར་བ་དང་དངོས་ཟོག་འབོར་ཆེན་རྒྱུན་ཆད་མེད་པར་སྐྱེལ་འདྲེན་བྱེད་བཞིན་ཡོད། བོད་ཀྱི་གཞོན་ནུ་རྣམ་པས་རང་ཉིད་ཀྱི་འོད་སྣང་ཆུང་ངུ་རེ་རེ་བཞིན་བསྡུས་ཏེ། ས་ཡོམ་གནོད་སྐྱོབ་ཁྲོད་དྲོད་ཁོལ་ཆེ་ཤོས་དང་སྟོབས་ཤུགས་བརྟན་ཤོས་ལྡན་པའི་ལང་ཚོའི་ནུས་ཤུགས་སུ་འགྱུར་བར་བྱས་ཡོད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明