ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་ཆགས་པའི་ང་ཚོའི་ཕ་ཡུལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡོངས་སུ་བསྐོར་ཤིང་མཛེས་སྡུག་ཡར་ལ་ཤམ་པའི་རི་བོས་ལོ་རྒྱུས་ཀྱི་དཔང་པོ་བྱས་ནས་ཡོད།
འདི་ན་ལོ་རྒྱུས་ཀྱི་རྗེས་ཤུལ་མཚོན་པ་དང་མཁར་ལ་སྔ་བ་ཡུམ་བུ་བརླ་སྒང་དང་གྲོང་ལ་སྔ་བ་མོན་གྲོང་ཤར་པ་སོགས་ཡོད་ལ་དེས་ཡར་ཀླུང་གི་མི་རྣམས་ཀྱི་སེམས་ཁམས་སུ་ལྷིང་འཇགས་ཀྱི་བདེ་སྐྱིད་སྦྱིན་པར་བྱེད། གནས་འདི་ནི་ངའི་ལྟེ་ཁྲག་འཕོས་ས་ཡིན་པ་མ་ཟད་ང་རང་གི་ཚེ་སྲོག་གི་རྩ་བ་འཛུགས་ས་དང་ཆེས་དགའ་ཞེན་ཆེ་བའི་གནས་མཆོག་ཅིག་ཀྱང་ཡིན། མི་རྣམས་ཀྱིས་འདི་ལ་“ཡུལ་ཡར་མོ་ཀླུང་ཆེན་”ཞེས་ཀྱང་འབོད།
སྔར་གྱི་ལོ་ཟླའི་ནང་ཕ་ཡུལ་འདིར་འཚོ་བའི་ཆ་རྐྱེན་ཤིན་ཏུ་དཀའ་ངལ་ཆེ་བ་དང་མི་རྣམས་ལ་ཟས་གོས་ཀྱི་ མཐུན་རྐྱེན་ཧ་ཅང་ཞན་ཡང་ད་ལྟ་ནི་དུས་རབས་གསར་པའི་རླབས་ཕྲེང་དང་བསྟུན་ནས་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་ཕ་ཡུལ་ལ་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དཔལ་འབྱོར་འཕེལ་རྒྱས་ནི་རི་
གཟར་གྱི་ཆུ་བོ་བཞིན་དུ་མགྱོགས། རིག་གནས་ཀྱི་གོང་འཕེལ་ནི་ཉི་ཟླ་བཞིན་དུ་འོད་སྟོང་འབར་བཞིན་ཡོད།
ང་ཚོ་སློབ་མ་རྣམས་ཀྱི་ངོས་ནས་བརྗོད་ན་རིག་གནས་སྣ་ཚོགས་སྦྱོང་བའི་གོ་སྐབས་བཟང་པོ་ཐོབ་ཡོད་པས་ངའི་སེམས་ནང་དུ་སྤོབས་པ་དང་གཟི་བརྗིད་ཀྱི་ཚོར་བ་ཞིག་རང་ཤུགས་སུ་སྐྱེས་འོངས། ད་ལྟ་ཕ་ཡུལ་འདི་ནི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་ལྟེ་གནས་ཤིག་ཏུ་གྱུར་ལ་གནའ་བོའི་རིག་གནས་དང་དེང་རབས་ཀྱི་དཔལ་ཡོན་ཟུང་དུ་འབྲེལ་བའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཡོད།
དེ་ན། ད་ལྟ་ནས་བཟུང་ངས་རང་ཉིད་ཀྱི་སློབ་སྦྱོང་ལ་བརྩོན་པ་བརྒྱ་དང་འབད་པ་སྟོང་བྱས་ནས་ཕ་མའི་རེ་བ་དང་མེས་རྒྱལ་གྱི་ཕུགས་བསམ་ཆུད་ཟོས་སུ་མི་གཏོང་བ་བྱ་རྒྱུ་མ་ཟད་ང་ཚོས་ཕ་ཡུལ་གྱི་རི་ཆུར་གཅེས་སྤྲས་དང་རྩྭ་ཐང་དང་ནགས་ཚལ། ཆུ་ཁུངས་བཅས་ལ་སྲུང་སྐྱོང་བྱས་ཏེ་སྔོ་ལྗང་ཞིང་གི་ཕ་ཡུལ་ཞིག་ཏུ་འགྱུར་ཐུབ་
པར་འབད་བརྩོན་བྱ་རྒྱུ་ཡིན། མདོར་ན། མཛེས་སྡུག་ལྡན་པའི་མེས་རྒྱལ་གྱི་ཁོར་ཡུག་གསར་པ་བསྐྲུན་ཞིང་སྔོ་ལྗང་དང་ཤེས་དཔལ། མཐུན་སྒྲིལ། འབྱོར་ཕྱུག་ལྡན་པའི་ལྷོ་ཁ་འདི་སྔར་ལས་ལྷག་པའི་མཛེས་སྡུག་ལྡན་པར་གཏོད་ངེས།
མཇུག་ཏུ། ངས་རང་གི་ཤེས་ཡོན་དང་ནུས་ཤུགས་ལ་བརྟེན་ནས་རང་རྒྱལ་གྱི་དར་དམར་སྲོག་ཤིང་བྱས་ནས་ཕ་ཡུལ་གྱི་གོང་འཕེལ་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན། །
ལྷོ་ཁ་གྲོང་ཁྱེར་ཤར་འོད་སློབ་འབྲིང་ལོ་རིམ༨(༤)
ཟུར་ཁྲིད་དགེ་རྒན། ཚེ་རིང་བཀྲ་ཤིས།


