ཉེ་ཆར་གསར་འགོད་པས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་མ་འཇོག་སྐུལ་འདེད་ཅུས་ཀྱིས་ཉེ་ཆར《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད》དངོས་སུ་པར་འགྲེམས་ཁྱབ་བསྒྲགས་བྱས་ནས། མ་འོངས་པའི་ལོ་ལྔའི་ནང་ལྗོངས་ཡོངས་ཀྱི་གསར་སྤེལ་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་ལག་བསྟར་ཐབས་ལམ་གཏན་འཁེལ་བྱས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། 2025ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གསར་སྤེལ་ཁུལ་12ཟིན་པའི་ནང་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་4དང་རང་སྐྱོང་ལྗོངས་རིམ་པའི་གསར་སྤེལ་ཁུལ་8ཡོད་པ་རེད། 2025ལོར་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གསར་སྤེལ་ཁུལ་གྱི་ཁེ་ལས་བཞི་པའི་ཁྲལ་འབབ་སྒོར་དུང་ཕྱུར་11.4མངོན་འགྱུར་བྱུང་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་135.8ལེགས་གྲུབ་བྱུང་ནས་ལྗོངས་ཡོངས་ཀྱི་མ་འཇོག་བརྟན་པོ་དང་འཕར་རྒྱུར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《འཆར་འགོད》དེར་ཁྱོན་ལེའུ་8ཡོད་པའི་ནང་འཕེལ་རྒྱས་ཀྱི་ངེས་གནས་ཆེན་པོ་བཞི་གཏན་འཁེལ་བྱས་ཡོད་པ་དང་2030ལོར་སླེབས་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ཆེན་པོ་ལྔ་སྒྲིག་འཛུགས་བྱས་ཡོད། གསར་སྤེལ་ཁུལ་གྱི་བར་མཐོངས་བཀོད་པ་དང་ནུས་པའི་ངེས་གནས་ལེགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། གསར་སྤེལ་ཁུལ་གྱི་རིམ་པ་མང་པའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། གསར་སྤེལ་ཁུལ་གྱི་མཉེན་མཁྲེགས་ཁོར་ཡུག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། གསར་སྤེལ་ཁུལ་གྱི་ལྗང་མདོག་ཕྱོགས་བསྒྱུར་དང་བདེ་འཇགས་མཉེན་གཤིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཙོ་གནད་ལས་འགན་ཁག་ལྔ་བཀོད་སྒྲིག་བྱས་ཡོད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ། གདེང་འཇོག་དཔྱད་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། འཆར་འགོད་ཀྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་དོ་དམ་ལམ་སྲོལ་གྱི་འགན་སྲུང་ལག་བསྟར་བྱེད་ཐབས་ཁག་བཞི་འཛུགས་རྒྱུ་ཡིན་པ་རེད།
ཐོན་ལས་འཕེལ་རྒྱས་ཐད་གསར་སྤེལ་ཁུལ་གྱི་གཞི་རྟེན་ལ་བརྟེན་ནས་གསར་དར་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་ལྷ་ས་མཐོ་གསར་ཁུལ་དུ་གྲངས་འཛིན་དཔལ་འབྱོར་གཅིག་སྡུད་ཁུལ་སྔོན་ལ་གཏོད་པ། ལྷོ་ཁ་སོགས་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གློག་འབྱེད་ཆིང་དབྱང་ཨན་ཕྲུན་གཞི་གཅིག་ཅན་གྱི་ཐོན་ལས་གླིང་འཚོལ་ཞིབ་དང་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན་པ་རེད། ས་ཆའི་རྒྱུ་རྐྱེན་གཙོ་བོ་འགན་ལེན་ཐད“འཕར་ཚད་ཚོད་འཛིན་ནན་པོ་དང་། གསོག་ཚད་འཁྲུག་པོ། སྤུས་ཚད་མཐོ་རུ་གཏོང་བ”བཅས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པ་བྱས་ནས་གསར་སྤེལ་ཁུལ་གྱི་རགས་ལས་རྣམ་པའི་ཁྱབ་རྒྱ་བཀག་འགོག་དང་། ཆོག་མཆན་སྤྲད་ཀྱང་མཁོ་འདོན་མ་བྱས་པ་དང་། བེད་མེད་དུ་བཞག་པའི་ས་ཆ། ཕན་ནུས་ཆུང་བའི་ས་ཆ་བཅས་རིགས་དབྱེ་ཐག་གཅོད་བྱས་ཏེ་ས་ཞིང་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་པའི་ཆུ་ཚད་ཡར་འདེགས་གཏོང་དགོས།
ཕྱི་ཕྱོགས་སྒོ་དབྱེ་དང་ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ“ལྟེ་གནས་གཅིག་གིས་སྣེ་ཁྲིད་དང་། ཤར་ནུབ་གཤོག་གཉིས་ཀྱིས་འདེགས་སྐྱོར། ལས་སྟེགས་མང་པོ་མཉམ་འགུལ”བཅས་ཀྱི་རྣམ་པ་བསྐྲུན་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ལྷ་སའི་མཐོ་གསར་ཁུལ་གྱི་ཁྱབ་འགྱེད་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཐོ་གསར་ཁུལ་དེ་རྒྱལ་ཁབ་ཀྱི་ཐབས་ཇུས་ལས་གྲྭ་གལ་ཆེན་དང་ལེན་བྱེད་པའི་ཐོན་ལས་ཐེག་ཁུར་ཁུལ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་གྲུབ་འབྲས་མཁོ་སྤྲོད་བྱེད་པའི་གསར་གཏོད་འབྱུང་ཁུལ་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་ཞབས་ཞུའི་ཚོད་ལྟའི་ཁུལ་བཅས་སུ་ འཛུགས་སྐྲུན་ཧུར་ཐག་བྱེད་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


