ཉེ་ཆར། ཅི་ལིན་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། ཤིན་ཅང་གསོ་རིག་སློབ་ཆེན་བཅས་སློབ་གྲྭ་གསུམ་གྱིས་མཉམ་འབྲེལ་ཐོག“སེ་འབྲུའི་རྡོག་ལྟར་ཁྱིམ་ཚང་གཅིག་”ཅེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོ་དང་སྡེ་ཚོགས་སློབ་ཚན་གྱི་བྱེད་སྒོ་སྤེལ་ནས་དྲ་ཐོག་མཉམ་སྦྱོང་གི་གསར་གཏོད་རྣམ་པའི་ཐོག་ནས་ས་ཁོངས་ཀྱི་བྱང་ཤར་དང་། བོད་ལྗོངས། ཤིན་ཅང་བཅས་ས་ཁུལ་གསུམ་གྱི་གསོ་རིག་སློབ་གླིང་དང་སློབ་གྲྭའི་སྡེ་ཚོགས་ཁོངས་མི་གཞོན་ནུ་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་སློབ་སྦྱོང་། དཔྱད་གཞིར་འཛིན་པའི་ལང་ཚོའི་སྤེལ་རེས་སྟེགས་བུ་བསྐྲུན་པ་རེད། སློབ་གྲྭ་གསུམ་གྱི་སློབ་མ་ཁྱོན་88ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེས“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་དམ་པོར་འཐམ་པ”ཞེས་པ་ལྟེ་བའི་འདུ་ཤེས་སུ་བྱས་ནས་སྨན་དང་སྨན་བཅོས་གཞོན་ནུའི་འགན་འཁྲི་འཁུར་རྒྱུར་དམིགས་ཏེ་གཡེང་སེམས་དང་མཉམ་འགུལ་རྣམ་པའི་མི་རིགས་མཐུན་སྒྲིལ་སློབ་སྦྱོང་གི་སློབ་ཁང་ཞིག་བསྐྲུན་པ་རེད། སྡེ་ཚོགས་ཚོགས་མི་ཚོས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འབྲེལ་ཡོད་རིགས་པའི་གཞུང་ལུགས་ཤེས་བྱ་སློབ་སྦྱོང་བྱས་པ་དང་མི་རིགས་མི་འདྲ་བ་ནས་ཡོང་བའི་གཞོན་ནུ་སློབ་མ་ཚོས་རིམ་བཞིན་མཉམ་སྤྱོད་སྤེལ་རེས་བྱས་ཏེ་རང་སོ་སོའི་སློབ་གྲྭའི་སློབ་སྦྱོང་གི་རྒྱུན་གཏན་དང་ཁྱད་ལྡན་མི་རིགས་རིག་གནས་གོམས་སྲོལ་གླེང་བ་དང་། གསོ་རིག་ཆེད་ལས་སློབ་སྦྱོང་ཁྲོད་ཀྱི་གྲུབ་འབྲས་དང་སོམ་ཉིའི་དྲ་བར་ཚུད་པའི་གནས་ཚུལ་ལྷུག་པོར་གླེང་བ། གསོ་རིག་ཁྱབ་ཁོངས་གཏིང་ཟབ་སྤེལ་བ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ཐོག་མའི་བསམ་འདུན་གྱི་དམིགས་ཚད་ཡིན།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་གི་རིམ་པ་24པའི་སློབ་མ་འབྲུག་མོ་སྐྱིད་ཀྱིས་“ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་བོད་ལུགས་གསོ་རིག་དང་། ཕྱི་ལུགས་གསོ་རིག ཀྲུང་ལུགས་གསོ་རིག་བཅས་སོ་སོར་ཁྱད་ཆོས་ལྡན་པའི་ལེགས་ཆ་གསབ་རེས་བྱས་ནས་གྲུབ་འབྲས་མང་པོ་ཐོབ་པ་ཤེས་རྟོགས་བྱུང་། འབྱུང་འགྱུར་ངས་ཆེད་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་བོད་ལུགས་གསོ་རིག་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་ཧུར་ཐག་བྱས་ནས་ཆེད་ལས་ཀྱི་འཇོན་ཐང་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
གཞོན་ནུ་ཚོས་མཉམ་འགུལ་སྤེལ་རེས་ཁྲོད་ལང་ཚོའི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་ལང་ཚོའི་སེམས་ཀྱི་ཞིང་སར་མྱུ་གུ་འབུས་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་ཏན་གྱིས་ས་གནས་ས་ཐོག་ཏུ་ཁོང་ལ་ཚོར་སྣང་ཟབ་མོ་བྱུང་བ་ནི་སློབ་མ་མང་པོ་ཞིག་གིས་སློབ་སྦྱོང་གི་གྲུབ་འབྲས་སྒུལ་ཤུགས་སུ་གྱུར་ནས་གསོ་རིག་སྨན་རྫས་ཀྱི་ཆེད་ལས་ཤེས་བྱ་ཟབ་སྤེལ་དང་ནད་ཐོག་སྨན་བཅོས་ཀྱི་འཇོན་ཐང་སྦྱོང་བརྡར་བྱས་ཏེ་རང་འགུལ་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལག་ལེན་མཁན་དང་ཁྱབ་སྤེལ་མཁན། སྲུང་སྐྱོབ་མཁན་བཅས་སུ་བརྩོན་ལེན་བྱས་ཏེ་ང་ཡི་ལང་ཚོ་དང་ང་ཡི་འབད་འཐབ་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ། མི་རིགས་ས་ཁུལ་འཕེལ་རྒྱས་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་མེས་རྒྱལ་ལ་དགོས་མཁོ་ཡོད་པའི་ས་ཆར་ལང་ཚོའི་འོད་སྟོང་འབར་བར་བྱ་རྒྱུ་ཡིན།
ཚེ་རིང་ཐར་གྱིས་བསྒྱུར།


