དུས་ཚོད་ནི་འཛིན་མི་ཐུབ་པའི་ཆུ་བོ་བཞིན་ལག་ནས་ཤོར་འགྲོ། མིག་འབྱེད་ཟུམ་གྱི་གསེང་ནས་ང་རང་ལོ་ན་བཅུ་དྲུག་ཟིན་པའི་ན་གཞོན་གྱི་བུ་མོ་ཞིག་ཏུ་གྱུར། ད་ནི་ང་རང་ཆུང་དུས་སུ་ལམ་དཀྱིལ་ནས་ཤིང་རྐང་ཆུང་ཆུང་བསྒྲུགས་ནས་རྩེད་མོ་རྩེས་མཁན་གྱི་བུ་མོ་དེ་མ་ཡིན་ལ། ཚོང་ཁང་ནང་ནས་ཕྱུ་པ་ཆུང་ཆུང་སྙིང་རྗེ་པོ་རེ་མཐོང་མ་ཐག་ཏུ་མདུན་ལ་གོམ་པ་སོར་གང་མི་སྤོ་བར་ཨ་མར་མཐའ་གཅིག་ཏུ“ཉོ་རོགས”ཞེས་ཨུ་ཚུགས་རྒྱག་མཁན་གྱི་བུ་མོ་དེ་ཡང་མིན། ད་ལྟ་ང་ནི་ཏག་ཏག་ཆུང་དུས་གཅེན་མོའི་ཡི་གེ་འབྲི་སར་བལྟས་ནས་གཅེན་མོ་ལྟར་ཡི་གེ་སྙིང་རྗེ་པོ་འབྲི་ཐུབ་མཁན་གྱི་མི་ཞིག་ཏུ་གྱུར་པ་བྱེད་ཀྱི་ཡིན་ཞེས་པའི་མི་དེར་གྱུར་ཡོད། ཆུང་དུས་ལག་ལ་ཤིང་རྐང་འཛིན་མཁན་གྱི་བུ་མོ་དེ་ད་ལྟ་ལག་ལ་སྨྱུ་གུ་བཟུང་ནས་ཡི་གེ་འབྲི་བཞིན་ཡོད། ཆུང་དུས་ཨ་མའི་སྒབ་སྣེ་འཐེན་ནས་ཡང་ཡང་སུན་པོ་བཟོ་མཁན་གྱི་བུ་མོ་དེ་ད་ལྟ་ལག་ཏུ་དཔེ་ཆ་བཟུང་ནས་དགེ་རྒན་ལས་ཤེས་བྱའི་དངོས་གྲུབ་ལེན་མཁན་གྱི་བུ་མོ་དེར་གྱུར་ཡོད།
སྐྱེས་ནས་ད་བར་དུ་དུས་ཚོད་མང་པོ་ཞིག་ཡོལ་ཟིན། དེའི་རིང་ངའི་གཟུགས་པོ་དང་གཤིས་ཀ་སོགས་ཕྱོགས་གང་ཅིའི་ཐད་ནས་འགྱུར་ལྡོག་མང་པོ་ཞིག་ཕྱིན་ཡོད་ལ། འཚར་ལོངས་བྱུང་བའི་བརྒྱུད་རིམ་དེའི་ནང་དུ་ང་རང་ལ་ཡང་བརྗེད་དཀའ་བའི་གནས་ཚུལ་མང་པོ་ཞིག་འཕྲད་བྱུང་། ལྷག་པར་དུ་དམའ་འབྲིང་ལོ་ངོ་གསུམ་གྱི་རིང་དུ་བྱུང་བའི་སྐྱིད་སྡུག་གི་གནས་ཚུལ་གང་འདྲ་ཞིག་ཡིན་རུང་ང་ལ་མཚོན་ན་བག་ཆགས་ཤིན་ཏུ་ཟབ་པ་ཞིག་སྟེ། མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་དེ་དག་རེ་རེ་བཞིན་རང་གི་རྩ་ཆེའི་ལང་ཚོ་སྦྱིན་ཏེ་བརྗེ་པོ་ལག་སྤྲོད་བྱེད་མྱོང་བས་ཡིན།
དམའ་འབྲིང་ལོ་ངོ་གསུམ་གྱི་རིང་ལ་ང་ཚོས་མི་མང་པོ་ཞིག་གསར་དུ་ངོ་ཤེས་པ་དང་། ལ་ལ་ཡུན་ཐུང་ཞིག་ལས་མཉམ་དུ་མི་གཤིབ་ཅིང་རེ་འགའ་ཞིག་ནི་ནམ་ཡང་རང་གི་གཏན་གྲོགས་སུ་འགྱུར་ངེས། ཡིན་ཡང་དེ་དག་ཡོད་ཚད་ལས་ཀྱི་ལམ་གྲོགས་སུ་འགྱུར་མྱོང་བས་ང་ཚོས་བརྗེད་ག་ལ་རུང་། གློ་བུར་དུ་བརྗེས་པའི་དགེ་རྒན་ཞིག་གམ། འཛིན་གྲྭ་མ་བགོས་གོང་གི་སློབ་མ་ཞིག ཐ་ན་དེ་སྔོན་མཉམ་དུ་སློབ་སྦྱོང་བྱེད་མྱོང་བའི་སློབ་བྱོལ་ཟིན་པའི་སློབ་གྲོགས་ཤིག་ཡིན་རུང་ང་ཚོའི་བར་ལ་ལས་ཀྱི་འབྲེལ་བ་ཚུགས་མྱོང་བས་ཅིས་ཀྱང་བརྗེད་དུ་མེད་ཨང་། མི་འགའ་ཤས་ཀྱི་སེམས་སུ་དམའ་འབྲིང་གི་འཚོ་བར་དམིགས་བསལ་གྱི་བྲོ་བ་ཅི་ཡང་བྱུང་མེད་པར་འདོད་སྲིད་ན་ཡང་། དོན་དངོས་ཐོག་ཞིབ་པར་བསམ་བློ་བཏང་ན། དེའི་རིང་ང་ཚོའི་ཡིད་ལ་བསུབ་ཐབས་མེད་པའི་འདས་དོན་མང་པོ་ཞིག་རི་མོ་ལྟར་བརྐོས་ཡོད།
བདག་ལ་མཚོན་ན། དམའ་འབྲིང་ལོ་གསུམ་གྱི་འཚོ་བའི་ཁྲོད་དུ་གྲོགས་མོ་བཟང་པོ་བཞི་དང་འཕྲད་བྱུང་ཞིང་། དུས་ནམ་ཡང་བརྗེད་ཐབས་མེད་པའི་བོད་ཡིག་དགེ་རྒན་ཞིག་ཀྱང་འཕྲད་བྱུང་། ད་དུང་བདག་ལ་ཐུགས་སེམས་བཟང་ཞིང་། འགན་འཁྲིའི་འདུ་ཤེས་ཟབ་པའི་འཛིན་བདག་བཟང་པོ་ཞིག་འཕྲད་པ་བཅས་ཁོང་དྲུག་པོ་ནི་ངའི་དམའ་འབྲིང་འཚོ་བའི་ཁྲོད་ཀྱི་གྲོགས་པོ་གཙོ་བོ་རུ་གྱུར་ཡོད།
ད་ནི། དམའ་འབྲིང་ལོ་གསུམ་ལ་དཀའ་བ་སྤྱད་པའི་སྙིང་པོ་སྟོན་པའི་དུས་ལ་སླེབས་རན། སློབ་གྲྭར་ཡོང་ཁར་ཕ་མར་ཁས་ལེན་དམ་བཅའ་བྱས་པའི་མཐོ་འབྲིང་དེར་རྒྱུགས་འཕྲོད་སྲིད་དམ། གལ་སྲིད་འཕྲོད་ན་ཆུང་དུས་རང་གི་ཡིད་ལ་འཁོར་མྱོང་བའི་ཕུགས་བསམ་དང་ཇེ་ཉེ་ནས་ཇེ་ཉེ་རུ་འགྲོ་བཞིན་པར་བརྩི་ཆོག
དམའ་འབྲིང་ལོ་ངོ་གསུམ་གྱི་འཚོ་བ་མཇུག་འགྲིལ་ལ་ཉེ་བས། སློབ་སྦྱོང་ལ་སྤྱད་པའི་དཀའ་བ་མང་ཙམ་དང་། དགེ་རྒན་ལ་འཛིན་པའི་འཁང་ར་ཉུང་ཙམ། གྲོགས་མོ་དང་སློབ་གྲོགས་དབར་གྱི་འབྲེལ་བ་ཡག་ཙམ་གྱིས་རྩོད་འཛིང་རྒྱག་ཉུང་ཉུང་བྱེད་དགོས། ང་ཚོ་ཕན་ཚུན་འཕྲད་དེ་ངོ་ཤེས་པ་ནི་ལས་དབང་ཡིན་པས། མཉམ་དུ་འཛོམས་པའི་མཛེས་སྡུག་ལྡན་པའི་དུས་སྐབས་ལྷག་མ་འདིར་དམ་འཛིན་གྱིས་དང་གཅེས་སྤྲད་ལ་འབད་ཅིག །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།


