西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཁོར་ཡུག་སྲུང་སྐྱོབ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན། ༄༅། །གེགས་བར་ལ་བྱམས་དང་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ལྡན། ཏང་དར་ལྷབ་ལྷུབ་གཡོ་བའི་ཕྱོགས་ནི་བྱ་སྤྱོད་སྤེལ་ཡུལ་ཡིན།

放大 缩小 默认

༄༅། །ཁོར་ཡུག་སྲུང་སྐྱོབ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།

□ 作者 བསྟན་འཛིན་སྒྲོལ་མ་ཆུང་བ།

འཛམ་གླིང་ཡང་རྩེར་གནས་པའི་དྭངས་གཙང་གི་བོད་ལྗོངས་ས་མཐོ། བརྗིད་ཆགས་གངས་རི་ཤེལ་གྱི་མཆོད་རྟེན་འདྲ། དྭངས་གཙང་མཚོ་མོ་གཡུ་ཡི་མེ་ལོང་བཞིན། ཡངས་པའི་རྩྭ་ཐང་མཐའ་ཡས་ཨ་སྔོན་འདྲ། དྭངས་གཙང་གི་ཆུ་བོ་ལྟོ་འགྲོ་བཞིན་གྱ་གྱུའི་ངང་བཞུར། གནས་མཆོག་དེ་ནི་བདག་གི་ཕ་ཡུལ་བོད་ལྗོངས་ཡིན། འཇིག་རྟེན་སྟེང་གི་ཆེས་མཛེས་སྡུག་ལྡན་ལ་ཉི་མ་དང་ཐག་ཉེ་ཤོས་ཀྱི་གནས་མཆོག་དེར་བདག་གིས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་གིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་བཅས་ནི་ང་ཚོ་ལོ་ཆུང་ཚང་མའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ལོས་ཡིན།

ཞོགས་པའི་ཉི་གཞོན་ས་འཛིན་ཕྲེང་བར་འཕྲོས་པས་བཀྲག་མདངས་རབ་ཏུ་འཚེར། ཤང་ཤང་དུ་རྒྱུགས་པའི་དྭངས་གཙང་གི་ཆུ་བོར་རྡུལ་ཕྲན་གྱི་སྦགས་བཙོག་གང་ཡང་མེད། ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་ནི་འདི་འདྲའི་བག་ཕེབས་ཤིང་སྣང་བ་སྐྱིད་པ་ལ་ཨང་། རྟ་ནོར་ལུག་གསུམ་བག་ཕེབས་ངང་རྩྭ་ཆུར་རོལ་བ་དང་། སྤྱང་གྲུང་ལྡན་པའི་གཙོད་དང་རི་བོང་ལ་སོགས་པའི་རི་དྭགས་རྣམས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད། རྦ་རླབས་ལང་ལོང་དུ་འཕྱུར་བའི་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ས་རྒྱུ་གཤིན་པོས་ས་མཐོའི་སྐྱེ་དངོས་ཡོད་ཚད་འཚར་བཞིན་ཡོད། དེ་གར་ལོ་གཅིག་དུས་བཞིར་མཁའ་རླུང་གཙང་ལ་ནམ་མཁའ་སྔོ་ཞིང་དྭངས་བ་དང་། སྤྲིན་དཀར་གྱི་ཚོམ་བུ་རྣམ་པར་བཀྲ། ང་ཚོའི་ཕ་མེས་ཡང་མེས་ཀྱི་དུས་ནས་གནས་དེར་གཞིས་ཆགས་ཤིང་འཚར་ལོངས་བྱུང་བ་དང་ས་མཐོའི་སྟེང་གི་རྩྭ་ཐང་དང་། མཚོ་དང་མཚེའུ། ནགས་ཚལ་དང་རྩི་ཤིང་སོགས་མདོར་ན་ཡོད་ཚད་ལ་ང་ཚོས་སྲུང་སྐྱོབ་བྱེད་དགོས།

འོན་ཀྱང་ད་ལྟའི་དུས་འདིར་གོ་ལ་ཧྲིལ་པོའི་དྲོད་ཚད་ཆེ་རུ་འགྲོ་བ་དང་། ནམ་ཟླའི་འགྱུར་བ་ཤུགས་ཆེན་བྱུང་ནས་དྭངས་གཙང་གི་གངས་རི་དང་འཁྱགས་རོམ་རིམ་བཞིན་བཞུར་གྱིན་ཡོད། མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེར་གནས་པ་དང་། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི༤༠༠༠ཡན་ཡོད་པས། རྒྱལ་ནང་གི་ས་ཆ་གཞན་དང་མི་འདྲ་བར་ས་བབ་མཐོ་ཞིང་འབྱུང་ཁམས་ཧ་ཅང་ཉམས་ཞན་ཡིན་པས་གཏོར་སྐྱོན་ཕོག་ཚེ་སླར་གསོ་བྱེད་ཁག་པོ་ཡོད། ད་དུང་སྤྱི་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཡུལ་སྐོར་བ་མང་དུ་ཕྱིན་པའི་རྐྱེན་གྱིས། ཁོར་ཡུག་ལའང་གཏོར་སྐྱོན་ཆེན་པོ་འགྲོ་བཞིན་ཡོད། དཔེར་ན། གད་སྙིགས་དཀར་པོའི་སྦགས་བཙོག་གང་སར་གཡུགས་པ་དང་རྩྭ་ཐང་ལ་ཕྱུགས་ཟོག་འཚོ་དྲགས་པས་རིམ་བཞིན་བྱེ་འགྱུར་དང་ས་ནག་གི་རྗེས་ཤུལ་ཐོན་པ། དྭངས་གཙང་གི་ཆུ་ཕྲན་ལའང་སྦགས་བཙོག་གི་མངོན་མེད་རྐྱེན་ངན་བཟོ་བ་དང་། སྔོ་ཁེབས་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད་པ་དེ་དག་ཚང་མས་ས་མཐོའི་ཉམས་ཞན་གྱི་འབྱུང་ཁམས་ལ་གནོད་འཚེ་བཟོ་ཡི་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན” ཞེས་གསུངས་པ་ལྟར། སྔོ་ཞིང་དྭངས་བའི་རི་ཆུ་ནི་གངས་ལྗོངས་ས་མཐོའི་ཆེས་མཛེས་སྡུག་ལྡན་པའི་རྣམ་པ་དེ་ཡིན་པས་ས་མཐོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་ཤོས་ཀྱང་དེ་རེད། གངས་ལྗོངས་ས་མཐོའི་འཁྱགས་རོམ་ནི་ཨེ་ཤེ་ཡའི་ཆུ་བོ་མང་པོ་ཞིག་གི་ཆུ་འགོ་ཡིན་པས་འཁྱག་རོམ་བཞུར་ན་ཆུ་འགོ་ཆད་ནས་མིའི་རིགས་ཀྱི་འཚོ་བར་ཉེན་ཁ་ཆེན་པོ་འཕྲད་སྲིད། དེ་བཞིན་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་ས་མཐོའི་སྲུང་ཡོལ་ལྟ་བུ་ཞིག་ཡིན་པས། རྩྭ་ཐང་བྱེ་ས་དང་ས་ནག་ཏུ་འགྱུར་བ་དང་ས་ཆུ་སྲུང་འཛིན་བྱེད་མི་ཐུབ་ན་དེའི་སྟེང་འཚོ་གནས་བྱེད་མཁན་གྱི་མི་དང་སྲོག་ཆགས་ཀུན་གྱི་འཚོ་གནས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་ཞིག་རེད། དེ་ལྟ་བུའི་གནས་ཚུལ་འོག་ང་ཚོས་དུས་དང་རྣམ་པ་ཀུན་དུ་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་འདུ་ཤེས་བརྟན་པོ་བཅངས་དགོས། རྒྱུ་མཚན་གང་ལགས་ཤེ་ན། གངས་ལྗོངས་ས་མཐོ་འདི་ནི་ཀྲུང་ཧྭའི་བུ་ཕྲུག་ཚོར་དབང་བ་མ་ཟད། ཀྲུང་ཧྭའི་རྗེས་རབས་པ་ལའང་དབང་བས་ཡིན། སྔ་ཕྱི་བར་གསུམ་དུ་རང་བྱུང་ཁམས་ལ་སྲུང་ཞིང་གཅེས་པ་དང་མི་རབས་ནས་མི་རབས་བར་རང་བྱུང་ཁམས་དང་ཞི་མཐུན་མཉམ་གནས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས་པའི་ཡང་དག་པའི་སྤྱོད་བཟང་དེ་ནམ་ཡང་རྒྱུན་འཛིན་བྱ་དགོས།

གལ་འགངས་ཆེ་བའི་གནད་དོན་དེ་འདྲ་ཞིག་གི་འོག་རིམ་ཁག་སྲིད་གཞུང་གིས་ས་མཐོའི་སྣོད་བཅུད་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་ཡིག་ཆ་མང་དག་ཅིག་བཏོན་ནས་རྩྭ་ཐང་དང་འཁྱགས་རོམ་སྲུང་སྐྱོབ་དང་། གད་སྙིགས་བཅོས་སྒྲིག་གི་ལས་དོན་ཤུགས་ཆེན་སྤེལ་བ། གྲོང་ཁྱེར་དང་གྲོང་གསེབ་གང་སར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། ཆུ་བོར་སྦགས་བཙོག་མི་བཟོ་བ། འབྲོག་པ་ཚོས་རང་འགུལ་ངང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་ཟོག་འཚོ་བ་སོགས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཡོད་ཀྱི་ནང་དོན་མང་པོ་ཞིག་གཏན་འབེབས་གནང་ཡོད། ས་མཐོའི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་ནི་སྒྲུབ་དཀའ་བའི་དོན་གནད་ཆེན་པོ་ཞིག་གཏན་ནས་མིན་པར་ང་ཚོ་རང་ཉིད་ནས་སྒྲུབ་ཐུབ་པའི་དོན་དག་ཆུང་ཆུང་ཞིག་རེད། དམའ་འབྲིང་སློབ་མ་ཞིག་ཡིན་པའི་ངོས་ནས་ང་ཚོས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་གསལ་པོ་ཤེས་པ་བྱ་དགོས། དུས་རྒྱུན་འཚོ་བའི་ཁྲོད་གད་སྙིགས་གང་བྱུང་དུ་མི་གཡུགས་པ་དང་རང་འགུལ་ངང་རྩྭ་དང་རྩི་ཤིང་ཆུ་སོགས་ལ་སྲུང་སྐྱོབ་བྱེད་པ། ལྷག་པར་དུ་ཆུ་ལ་གྲོན་ཆུང་གང་ལེགས་དང་དུས་རྒྱུན་ནང་མི་དང་གྲོགས་པོ་ཚོར་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཚང་མར་འབྱུང་ཁམས་ཀྱི་མཐའ་ཚད་བརྟན་སྲུང་བྱ་དགོས་པའི་འབོད་སྐུལ་གཏོང་དགོས།

“ བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད ” ཅེས་གསུངས་པ་ལྟར། གངས་ལྗོངས་ས་མཐོའི་བུ་ཕྲུག་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུ་ཁྲིད་གནང་བའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་མཉམ་དུ་ལག་གདང་སྦྲེལ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་དང་། ཁོར་ཡུག་ལ་གཏོར་སྐྱོན་ཕོག་པའི་ཉེན་ཁའི་རང་བཞིན་ཤེས་རྟོགས་ཐུབ་པ་བྱས་ཏེ། སེམས་ནུས་ཡོད་རྒུ་དང་འཕྱར་བ་གྲུ་འདེགས་ཀྱིས་ས་མཐོའི་སྣོད་བཅུད་སྲུང་སྐྱོབ་ལས་དོན་ལ་མཐའ་གཅིག་ཏུ་འབད་ན། ད་གཟོད་དྭངས་གཙང་ལྷད་མེད་ཀྱི་སྔོ་ལྗང་གི་རི་ཆུ་གཏན་དུ་གནས་ཐུབ་པར་གདོན་མི་ཟའོ། །

ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་སློབ་འབྲིང་ལོ་རིམ་༨(༢)

ཟུར་ཁྲིད་དགེ་རྒན། བཀྲ་ཤིས་ཟླ་བ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明