西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདག་གི་གཅུང་པོ་གཉིས་པོ། ༄༅། །ཡིད་ལ་དྲན་པའི་ཕ་ཡུལ། ༄༅། །ཞག་སྡོད་སློབ་མ།

放大 缩小 默认

༄༅། །ཞག་སྡོད་སློབ་མ།

□ 作者 པ་སངས་ནོར་བུ།

གཟའ་ཉི་མའི་དགོང་དྲོ་སློབ་གྲྭར་འཛོམས་ནས་གཟའ་ཟླ་བ་དང་། མིག་དམར། ལྷག་པ། ཕུར་བུ་བཅས་ལ་སློབ་མ་དང་དགེ་རྒན་ཕན་ཚུན་དགའ་དགའ་སྤྲོ་སྤྲོའི་ངང་ཤེས་ཡོན་ལ་འབད་འབུངས་བྱེད། འཛོམས་པའི་མཐའ་མ་བྲལ་བ་ཞེས་ཟེར་བ་བཞིན་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཕྱི་དྲོ་ནི་དགེ་རྒན་དང་སློབ་མ་ཉིན་གཉིས་ཙམ་ཁ་བྲལ་དགོས་པའི་དུས་ཚོད་ཡིན། གཟའ་མཇུག་ལ་སློབ་མ་ཚང་མ་རང་ཁྱིམ་དང་རང་ཡུལ་དུ་ལོག་མི་སྲིད། དམིགས་བསལ་གྱི་སློབ་མ་འགའ་ཞིག་ཡོད་པ་དེ་དག་ནི་རང་ཉིད་ཀྱི་ཕ་ཡུལ་ལམ་སྤུན་མཆེད་ཀྱི་ཁྱིམ་སློབ་གྲྭའི་ཉེ་འཁོར་དུ་གནས་མེད་པས་རང་ཡུལ་ལ་ལོག་དགོས་བྱུང་ན་གཟའ་མཇུག་ཉིན་གཉིས་ཀྱི་ངལ་གསོའི་དུས་ཚོད་རྣམས་ལམ་བར་དུ་རྫོགས་འགྲོ་གི་ཡོད་པས། སློབ་གྲྭའི་ནང་དུ་མ་སྡོད་ཀ་མེད་བྱུང་བ་ཁོ་ཚོར་ཞག་སྡོད་སློབ་མ་ཞེས་པའི་མིང་འདི་ཐོབ་པ་ཡིན།

ང་དང་འདྲ་བའི་གཟའ་མཇུག་ལ་སློབ་གྲྭར་སྡོད་མཁན་གྱི་ཞག་སྡོད་སློབ་མ་རྣམས་ཀྱི་ཉིན་གཉིས་ནང་གི་འཚོ་བ་ནི་དུས་རྒྱུན་དང་མི་འདྲ་བར་སྣ་མང་ཕུན་སུམ་ཚོགས་པ་སྟེ། གཟའ་མཇུག་ཉིན་དང་པོའི་ཞོགས་པ་ཆུ་ཚོད་དགུ་པ་བར་རྨི་ལམ་གྱི་ཞིང་ཁམས་འགྲིམས་ཏེ་སྐྱིད་པའི་ཞོགས་ཉལ་བརྒྱབ་ཆོག ནམ་རྒྱུན་ཡིན་ན་ཆུ་ཚོད་དྲུག་པ་ཙམ་ནས་དྲོ་འཇམ་མལ་ལས་ལངས་ཏེ་ཁ་འཁྲུ་ལག་འཁྲུ་བྱས་ནས་སློབ་ཁྲིད་ཐོག་ཁང་ནང་ལ་གདོང་མདོག་རྫ་རི་ལྟ་བུ་ཞིག་ཁྱེར་ནས་འགྲོ་བ་དེ་ཡང་དེ་ཉིན་མེད། ཆུ་ཚོད་དགུ་དང་ཕྱེདཀར་གཏན་འཁེལ་བྱས་པའི་འཛིན་གྲྭར་འཛོམས་ཏེ། སློབ་སྦྱོང་གི་ཆུ་གཏེར་ནང་ཤེས་རབ་ཀྱིས་ཆུ་རྐྱལ་བརྒྱབ་ནས་ཡོན་ཏན་གྱི་ནོར་བུ་ལེན་པར་འབད། ཤེས་བྱ་རྣམས་ལ་སྙིགས་དོར་བཅུད་ལེན་བྱས་ནས་གཞན་གྱི་དངོས་པོ་རྣམས་རང་གི་དངོས་པོར་འགྱུར་བར་བྱེད་པ་དེ་ནི “ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །”ཞེས་པའི་ལེགས་བཤད་བཞིན་ཆུ་ཐིགས་ཀྱི་རྡུལ་ཧ་ཅང་ཆུང་ཞིང་བྲག་གི་སྟེང་དུ་ལྷུང་དུས་གང་སར་འཐོར་སླ་ཡང་། དུས་ཚོད་དབང་གིས་བྲག་རི་མཁྲེགས་པོ་དེ་དལ་བུར་ཨི་ཁུང་འབིགས་ཐུབ་པ་ལྟར་ཞག་སྡོད་སློབ་མ་རྣམས་ཀྱིས་བརྩོན་པ་ལྷོད་མེད་ཀྱིས་ཤེས་བྱའི་སྙིང་པོ་ལེན་གྱི་ཡོད།

ཉིན་གུང་གི་དུས་ཚོད་ནི་ཅི་འདྲའི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། སྔ་དྲོ་སློབ་སྦྱོང་བྱེད་སྐབས་དཔེ་དེབ་མང་པོ་ཞིག་ལྟ་ཀློག་བྱས་རྐྱེན་མིག་ལ་ངལ་གསོ་རྒྱག་དགོས་པས། སྤོ་ལོའི་རིགས་ཀྱི་རྩེད་མོ་མང་པོ་ཞིག་ལ་རོལ་མཁན་ཡོད་ལ་འཛིན་གྲྭའི་ནང་ནག་པང་གི་གློག་བརྙན་བལྟས་ནས་སྡོད་མཁན་གྱི་སློབ་མ་ཡང་ཡོད། ཉིན་གུང་ངལ་གསོ་ཐེབས་པས་སླར་ཡང་འཛིན་གྲྭའི་ནང་སློབ་སྦྱོང་བྱེད་འགོ་ཚུགས། ལང་ཚོའི་སྐྱེས་སྟོབས་འབར་བའི་དཔེ་ཀློག་སྐད་གདངས་ཡོད་ལ་རང་གི་བོད་སྨྱུག་གིས་ཤོག་བུའི་སྟེང་དུ་མཛེས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་ངོམ་མཁན་ཡང་ཡོད། འོན་ཀྱང་སློབ་མ་འགའ་ཞིག་ཉིན་གུང་རྩེད་མོ་རྩེད་དྲགས་པའི་རྐྱེན་གྱིས་ཕྱི་དྲོའི་སློབ་ཚན་སྐབས་གཉིད་དུ་ཡུར། གཉིད་ཉལ་ནས་ངལ་གསོ་ཐེབས་པར་བྱེད་པ་དེ་ཡང་ཐབས་ལེགས་པོ་ཞིག་ཡིན་པ་འདྲ། གང་ཡིན་ཟེར་ན། གཟའ་མཇུག་ལ་ངལ་གསོ་ཡག་པོ་ཐེབས་ན་གཟའ་འཁོར་རྗེས་མའི་གཟའ་ཟླ་བའི་སློབ་ཚན་ཉན་པའི་ནུས་པ་དེ་བས་ཡག་པ་ཡོད། མཚན་མོ་འགན་འཁུར་རྒན་ལགས་ཀྱིས་འཛིན་གྲྭ་སོ་སོའི་ཞག་སྡོད་སློབ་མ་རྣམས་མཉམ་དུ་འཛིན་གྲྭའི་ནང་གློག་བརྙན་དང་འཁྱུག་དབྱིངས། བརྙན་ཐུང་ཡར་མཚན་ཅན་དེ་འདྲ་བསྟན་ནས་སྡོད་ཀྱི་ཡོད།

གཟའ་ཉི་མའི་འཆར་གཞི་གཟའ་སྤེན་པ་དང་མི་འདྲ་བར་ཞོགས་པ་སློབ་སྦྱོང་ཅུང་ཙམ་བྱས་རྗེས་འགན་འཁུར་དགེ་རྒན་གྱིས་ང་ཚོར་རང་སོ་སོའི་ལག་ཐོགས་ཁ་པར་སྤྲད་ཀྱི་ཡོད། སློབ་མ་རྣམས་དོམ་གྱིས་སྦྲང་རྩི་རྙེད་པ་ལྟར་ཁག་གཅིག་ནི་ཁ་པར་ནང་གི་རྩེད་མོར་རོལ། ཁ་ཤས་ནི་ནང་མི་སྤུན་མཆེད་ལ་འབྲེལ་བ་བྱེད། རང་གི་འཚོ་བའི་མཁོ་ཆས་རྫོགས་པ་འགའ་ཞིག་ནི་སློབ་གྲྭའི་རྒྱལ་སྒོ་ཐོན་ཏེ་ཕྱི་རོལ་ཚོང་ཁང་ནས་མཁོ་ཆས་ཉོ་བར་འགྲོ གཟའ་ཉི་མར་ཕྱི་ལ་འགྲོ་མཁན་གྱི་སློབ་མ་རྣམས་དང་གཟའ་པ་སངས་རང་ཁྱིམ་ལ་ལོག་མཁན་གྱི་སློབ་མ་རྣམས་ཚང་མ་ཕྱི་དྲོའི་ཆུ་ཚོད་དྲུག་པའི་གོང་སློབ་གྲྭར་འཛོམས་པ་དགོས། དགོང་མོའི་ཆུ་ཚོད་བདུན་པར་རང་སོ་སོའི་འཛིན་གྲྭའི་འཛིན་བདག་གིས་ཚོགས་འདུ་རབ་ཙམ་ཚོགས་རྗེས་གཞི་ནས་གཟའ་འཁོར་གཅིག་གི་སློབ་ཚན་འགོ་བཙུགས་པ་ཡིན།

ཞག་སྡོད་སློབ་མ་ནི་སློབ་མ་གཞན་དང་མི་འདྲ་བ་སྟེ། གཟའ་མཇུག་གི་སློབ་སྦྱོང་དང་འཚོ་བའི་འགྲོ་སོང་། རྩེད་མོར་རོལ་བ། གཙང་སྦྲ་འཕྲོད་བསྟེན་སོགས་རང་ཉིད་ལ་བརྟེན་ནས་བྱེད་དགོས་པས། གྱང་ཟུར་དུ་སྐྱེས་པའི་རྩྭ་ཕྲན་བཞིན་གསོན་ཤུགས་རྒྱས་ལ་རེ་བས་གང་། ཁོ་ཚོས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་གཞན་ཡུལ་དུ་བདེ་ཐང་ངང་འཚོ་གནས་བྱེད་ཀྱི་ཡོད། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༢(༥)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明