ཉེ་ཆར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ་30ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་དུས་ཡུན་ཉིན་15ཡི་གཞི་རིམ་དངོས་སྦྱོང་དང་ལྟ་སྦྱོང་བྱས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་བོད་ལྗོངས་མི་རིགས་སློབ་ཆེན་དང་སྙེ་མོ་རྫོང་གིས་མཉམ་དུ་བསྐྲུན་པའི་སློབ་ཆེན་སློབ་མའི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་སྒོ་བྱང་ཕྱེ་རྗེས་ཀྱི་གཞི་ཁྱོན་ཆེ་བའི་ལག་ལེན་བྱེད་སྒོ་ཐོག་མ་དེ་རེད།
ཤེས་རྟོགས་བྱས་པ་གཞིགས་ན། བོད་ལྗོངས་མི་རིགས་སློབ་ཆེན་དང་སྙེ་མོ་རྫོང་གིས་སློབ་མ་མི་རེ་ངོ་རེའི་ཆེད་ལས་ཁ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་སློབ་མར་འོས་འཚམ་གྱི་ལག་ལེན་ལས་གནས་བཀོད་སྒྲིག་བྱས་ཏེ་འཕྲོད་བསྟེན་ཨུ་ལྷན་དང་། བསྡོམས་རྩིས་ཅུས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སོགས་ཚན་པ་ཁག་སོ་སོར་དཔྱད་གཞི་ལེགས་སྒྲིག་དང་། བསྡོམས་རྩིས་གྲངས་གཞི། ཚོགས་འདུའི་གྲ་སྒྲིག་སོགས་ཀྱི་ལས་དོན་ནང་ཞུགས་ནས་སློབ་ཚན་ཐོག་སྦྱངས་པའི་ཤེས་བྱ་རྒྱུན་གཏན་གྱི་ལས་ཀའི་ནང་དངོས་འབྲེལ་སྤྱོད་ཀྱི་ཡོད་པ་རེད། ལས་ཁུངས་ཀྱི་རྒྱུན་གཏན་ལས་ཀ་ཕུད། སློབ་མ་མི་ཉུང་བ་ཞིག་ས་གནས་དེ་གའི་དབྱར་ཁའི་གུང་གསེང་གི་ཚབ་གཉེར་འཛིན་གྲྭར་བསྐྱོད་དེ་ཕྲུ་གུ་ཚོར་སྦྱངས་བྱ་འབྲི་རོགས་དང་དོགས་གནད་ལ་ལན་འདེབས་བྱེད་ཀྱི་ཡོད། ད་དུང་མི་ལ་ལས་གཞི་རིམ་ལས་བྱེད་པ་དང་མཉམ་དུ་གྲོང་གསེབ་དང་གྲོང་ཚོ་འབྲོག་ཁུལ་དུ་མང་ཚོགས་ལ་བཅར་འདྲི་བྱེད་པར་བསྐྱོད་དེ་གྲོང་གསེབ་ཀྱི་འཚོ་བ་དངོས་མྱོང་ཚོར་བྱེད་བཞིན་ཡོད།
དངོས་སྦྱོང་གི་ཞོར་དུ་ལག་ལེན་རུ་ཁག་གིས་དབྱར་ཁའི་གུང་གསེང་གི“གྲོང་གསེབ་ཏུ་གཤམ་བསྐྱོད་གསུམ་”དང“ང་ཚོས་མཉམ་དུ་ཁྱེད་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་”དང“སློབ་མ་ཁྲི་དང་དགེ་རྒན་སྟོང་མཐའ་མཚམས་སུ་བསྐྱོད་པའི”སྤྱི་ཚོགས་ལག་ལེན་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད། ཚང་མས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ལ་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། རྨང་གཞིའི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ་གོ་བདེ་བའི་དྲིལ་བསྒྲགས་བྱེད་སྟངས་ལ་བརྟེན་ནས་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
ད་ཐེངས་ཀྱི་ལག་ལེན་ནང་ཞུགས་མཁན་སློབ་མ་བཀྲ་ཤིས་དོན་གྲུབ་ཀྱིས“དེ་སྔ་སློབ་གྲྭར་དཔེ་དེབ་ཁོ་ན་ལས་ཤེས་ཀྱི་མེད། ད་རེས་གྲོང་གསེབ་དང་ཁྱིམ་ཚང་དུ་བསྐྱོད་དེ་གྲོགས་པོ་ཆུང་ཆུང་ཚོར་སློབ་ཚན་ཟུར་ཁྲིད་བྱས་པས་གཞི་ནས་གཞི་རིམ་ལས་ཀའི་དོན་སྙིང་དངོས་སུ་ཚོར་ཐུབ་པ་བྱུང་། རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་མང་ཚོགས་ལ་རོགས་རམ་བྱེད་ཐུབ་པས་ཉམས་མྱོང་ཕུན་སུམ་ཚོགས་པོ་བྱུང་བས་མཐའ་མཚམས་སུ་བསྡད་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ་བའི་བསམ་ཚུལ་དེ་བས་བརྟན་དུ་བཅངས་ཡོད”ཅེས་བཤད།
སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སློབ་མ་རྣམས་སྙེ་མོའི་གཞི་རིམ་དུ་ལག་ལེན་དུ་བསྐྱོད་རྒྱུའི་སྒྲིག་འཛུགས་བྱེད་དོན་ནི་གཞོན་ནུ་སློབ་མ་རྣམས་སློབ་གྲྭའི་སློབ་ཁང་ནས་ཕྱིར་བསྐྱོད་དེ་འཐབ་ཕྱོགས་དང་པོར་གཞི་ཚུགས་ནས་ཉམས་མྱོང་མང་དུ་གསོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། ད་ཐེངས་ཀྱི་དངོས་སྦྱོང་ནི་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་འགོ་ཚུགས་ཙམ་ཡིན་པས། རྗེས་མཐུད་སློབ་གྲྭས་སྙེ་མོ་རྫོང་དང་མུ་མཐུད་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་སློབ་མའི་གཞི་རིམ་ལག་ལེན་དང་མཉམ་འབྲེལ་ཐོག་གྲོང་གསེབ་ཀྱི་ཞིབ་འཇུག་བྱ་གཞིར་བརྟག་ཞིབ་བྱས་ཏེ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཐུན་མོང་ཐོག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱེད་པ། ་དུས་མཚུངས་ཤེས་ལྡན་མི་སྣ་སྤེལ་རེས་དང་གསོ་སྐྱོང་གི་ཐབས་ལམ་བཏོད་དེ། སློབ་གྲྭ་དང་ས་གནས་ཀྱི་ཐོན་ཁུངས་ཕན་ཚུན་སྤེལ་རེས་དང་མཉམ་སྤྱོད་བྱས་ཏེ་གཞོན་ནུ་འཚར་ལོངས་ཡོང་བར་སྐུལ་ཁྲིད་དང་ས་གནས་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


