གཏམ་ལ་དཔེ་ཀློག་མེད་པའི་མི་ཚེ་ནི་ཉི་འོད་སྒྲིབ་པའི་ས་བོན་བཞིན་ནོ་ཟེར་བ་ལྟར་ངས་ཀྱང་བོད་ཀྱི་སློབ་ཆེན་སློབ་མའི་འཚོ་བ་བརྗོད་བྱ་གཙོ་བོར་བྱས་ནས་བརྩམས་པའི་བརྩམས་སྒྲུང་ལྷ་གདོང་ཤན་ཁའི་རླུང་དར་ཞེས་པ་འདི་དཔེ་ཀློག་བྱས་ཏེ་རང་ཉིད་ལ་དཔེ་དེབ་ཀྱི་འོད་སྣང་འཕྲོ་བར་བྱས།
དེབ་འདིའི་ནང་མི་སྣ་གཙོ་བོ་སྙན་གྲགས་ཀྱི་སློབ་གྲྭའི་འཚོ་བ་དང་། སྐབས་དེ་དུས་ཀྱི་སྤྱི་ཚོགས་རྣམ་པ་བརྗོད་འདུག ང་ཚོ་ཀློག་པ་པོའི་ངོས་ནས་བརྗོད་ན་བལྟ་བདེ་བ་དང་དོན་གོ་སླ་བའི་ཁྱད་ཆོས་འདུག དེ་ཡང་སྙན་གྲགས་ནི་ལྷོ་ཁ་ནས་ཡིན་པའི་ཞིང་པའི་བུ་ཕྲུག་ཞིག་རེད། ཁོ་རང་ནི་རང་གི་ཕ་སྐད་ལ་ཧ་ཅང་དགའ་ཞེན་དང་རྩོམ་འབྲི་རྒྱུར་ཡང་ཤིན་ཏུ་མཁས་པོ་ཡོད། བདེ་ཆེན་སྐྱིད་དང་ཁོ་གཉིས་བར་གྱི་བརྩེ་དུང་གི་འཚོ་བར་དཀའ་ཚེགས་མང་པོ་འཕྲད་ཀྱང་། སྙན་གྲགས་དཔའ་མི་ཞུམ་པར་ཁོས་དཀའ་ངལ་དེ་ཚོ་ཁྱད་བསད་བྱས་ལ། ཁོས་བོད་སྐད་ཡིག་ལ་བཅངས་པའི་བརྩེ་སེམས་དེ་དུས་ཚོད་ཀྱིས་ངན་པའི་ཕྱོགས་སུ་འགྱུར་བ་བཏང་ཐུབ་མེད་པ་མ་ཟད། བོད་སྐད་ཡིག་སྦྱངས་པ་མཐར་ཕྱིན་པ་བྱེད་རྒྱུའི་སེམས་རྩ་དེ་སྔར་ལས་བརྟན་པར་གྱུར་ཡོད།
བརྩམས་སྒྲུང་འདིའི་ནང་འཛོམས་པའི་མཐའ་མ་བྲལ་དགོས། སྐྱེས་པའི་མཐའ་མ་ཤི་དགོས། ཡུན་རིང་གི་བདེ་བའི་མཐའ་མར་སྡུག་བསྔལ་གྱི་ཁུར་པོ་རེ་རེས་སྒུག་ཡོད། ཅེས་པའི་གནས་ལུགས་ལྟར་ཁོའི་མི་ཚེ་ནི་དགའ་སྐྱོ་ཆགས་སྡང་གི་དཀྱིལ་ནས་ཡལ་འགྲོ་བཞིན་ཡོད། དང་ཐོག་བདེ་ཆེན་སྐྱིད་དང་མཉམ་དུ་སློབ་རའི་ནང་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་མྱོང་། སློབ་ཆེན་ནས་ཕྱིར་ཕུད་བྱས་ནས་ཕ་མ་དང་སོ་སོ་སྡུག་བསྔལ་གྱི་རྒྱ་མཚོའི་དཀྱིལ་ལ་ཡང་ལྷུངས། དེ་བས་ཀྱང་ལས་ཀར་འགྲོ་ཞོར་དུ་སློབ་སྦྱོང་བྱས་ནས་སློབ་ཆེན་ལ་ཡང་བསྐྱར་ལོག་ནས་བདེ་ཆེན་སྐྱིད་དང་མཉམ་དུ་མུ་མཐུད་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུའི་རེ་བ་བཅངས་མྱོང་། འོན་ཀྱང་ལོ་དང་པོར་ཁོ་རང་ཡིག་རྒྱུགས་ལོན་མེད། ཡིན་ནའང་ལོ་གཉིས་པར་སྔར་ལས་ལྷག་པའི་འབད་བརྩོན་བྱས་ནས་མུ་མཐུད་ཡིག་རྒྱུགས་བཏང་བར་ཕྱིན། སློབ་ཆེན་ལ་སླར་སླེབས་དུས་དེ་སྔོན་གྱི་སློབ་མ་རྣམས་ནི་ཐོན་ལ་ཉེ་བས་སེམས་པ་ཧ་ཅང་སྐྱོ་པོ་བྱུང་། ཡང་བདེ་ཆེན་སྐྱིད་དང་མཉམ་འཛོམས་བྱུང་དུས་ཁོའི་སེམས་ལ་མེ་ཏོག་བཞད་པ་བཞིན་དགའ་པོ་བྱུང་ཡོད། འོན་ཀྱང་སློབ་གྲྭ་ཐོན་དུས་ཁོ་དང་བདེ་ཆེན་སྐྱིད་ཀྱི་བརྩེ་དུང་དེ་ཕྱོགས་གཉིས་ཀའི་ཕ་མས་མོས་མཐུན་མ་བྱས་པས་ཁོ་དང་བདེ་ཆེན་སྐྱིད་ཁ་ཕྱོགས་སོ་སོར་མ་འགྲོ་ཀ་མེད་བྱུང་། གནས་ཚུལ་དེ་དག་འཕྲད་རྗེས་ཁོ་དགའ་མྱོང་ལ་སྐྱོ་ཡང་མྱོང་། འོན་ཀྱང་ཁོས་རང་གི་དགའ་ཕྱོགས་བརྗེད་མེད་ལ་ཕུགས་བསམ་ཡང་དེ་བས་ཀྱང་བརྗེད་མེད། ཁོ་གཉིས་དང་ཕ་མར་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཡོང་བའི་ཆེད་དུ་ཁོས་ཉིན་ལྟར་ལས་ཀ་གང་མང་མང་བྱས་ནས་སྔར་ལས་ལྷག་པའི་འབད་བརྩོན་བྱེད་ཅིང་། འཚོ་བར་དཀའ་ཚེགས་ཇི་འདྲ་ཡོད་ནའང་ཁོ་ནི་མ་འོངས་པའི་འཚོ་བར་རེ་བས་ཁེངས་ཡོད།
དཔེ་དེབ་འདི་ལྟ་ཀློག་བྱས་པ་བརྒྱུད་གུས་མོ་ལ་བློ་བསྐྱེད་ཅི་ཞིག་བྱུང་ཟེར་ན། ང་ཚོ་ནི་མ་འོངས་པའི་རེ་བ་ཡིན་པས་ད་ལྟའི་དུས་འདིར་དམ་འཛིན་གྱིས་ཤེས་བྱ་རིག་པའི་གནས་ལ་བརྩོན་པ་ལས་སྐྱུག་བྲོ་ཞིང་ངོ་ཚ་ཁ་སྐྱེངས་དགོས་པའི་ལས་ཀ་མི་བྱེད་རྒྱུ་རྩ་བ་ནས་མེད། དེ་ཡང་བརྩམས་སྒྲུང་འདིའི་ནང་གི་མི་སྣ་ཚོ་ཁོ་ཚོ་སློབ་གྲྭར་འགྲོ་དུས་ཀྱི་ཆ་རྐྱེན་ནི་ད་ལྟ་ནང་བཞིན་ལེགས་པོ་མེད། འོན་ཀྱང་རང་གི་ནུས་ཤུགས་ལ་བརྟེན་ནས་ཕུགས་བསམ་མངོན་འགྱུར་ཡོང་ཐབས་བྱེད། དེ་དུས་ཀྱི་སྤྱི་ཚོགས་འཚོ་བ་ནི་ད་ལྟ་ནང་བཞིན་དཔལ་འབྱོར་འཕེལ་རྒྱས་དང་ཆ་རྐྱེན་ལེགས་པོ་མེད། ཁོ་ཚོའི་ཆ་རྐྱེན་དབུལ་པོ་གང་འདྲ་ཡོད་ནའང་མ་འོངས་ལ་སེམས་ཤུགས་དང་རེ་བས་ཁེངས་པའི་སྟག་ཤར་གཞོན་པ་ཞིག་དང་། བྱ་བ་གང་བྱས་ནའང་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་ཡིན་པ་མཐོང་དུས། ང་ཚོས་ཁོ་ཚོར་སློབ་སྦྱོང་བྱས་ནས་རང་ཉིད་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས་པ་མ་ཟད་གཞན་ལ་སྣེ་སྟོན་བྱེད་ཐུབ་པའི་ནུས་པ་ཞིག་ཀྱང་དེ་བས་འདོན་ཐུབ་པ་དགོས།
འཇིག་རྟེན་འདི་ནི་མི་རྟག་པ་ཞིག་དང་། མིའི་མི་ཚེ་ནི་སྐྱིད་གསུམ་སྡུག་གསུམ་ཡིན་པས། ང་ཚོ་ཚང་མར་དཀའ་ངལ་འཕྲད་དུས་ཁྱད་བསད་ཐུབ་པའི་སྟོབས་དང་ནུས་པ་ཡོད་པར་སྨོན། །
ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ༡(༡༢)
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།


