
འདི་ནི་དང་བླངས་པ་ཁག་གསར་པས་གཡུལ་སར་བསྐྱོད་པའི་མཛད་སྒོའི་ཐོག་དམ་བཅའ་འཇོག་བཞིན་པ།
གྲལ་སྒྲིག་པའི་གཞོན་ནུ་རྣམས་ཀྱིས་ཁུ་ཚུར་གཡས་པ་ཡར་བཀྱགས་ནས་དམ་ཚིག་གི་སྒྲ་དབྱར་དཀྱིལ་ལྷ་སར་གྲགས།
ཟླ་7ཚེས་28ཉིན། 2026ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གཡུལ་སར་བསྐྱོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིར་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཧུའུ་པའེ་ཅིང་བྱེད་སྒོར་ཞུགས་པ་དང་ གསུང་བཤད་ཀྱང་གནང་བ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲོའུ་དབྱི་ཧྥུང་གིས་བྱེད་སྒོ་གཙོ་སྐྱོང་གནང་བ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་དང་བླངས་པའི་བྱ་སྤྱོད་མཛུབ་ཁྲིད་ལྟེ་གནས་ཏང་ཨུད་ཧྲུའུ་ཅི་ཆི་ཧུའུ་དང་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། 2026ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ། གྲོང་ཁྱེར(ས་ཁུལ)བདུན་གྱི་རྣམ་གྲངས་གཞུང་དོན་ཁང་གི་ལས་དོན་མི་སྣ་བཅས་བྱེད་སྒོར་ཞུགས་ཡོད།
ལུའོ་མའེ་ཡིས་སྐབས་གསར་པའི་དང་བླངས་པ་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལྷག་བསམ་རྣམ་དག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་བརྩོན་ལེན་བྱ་རྒྱུའི་རེ་བ་ཡོད། ལས་གནས་ལ་གཞི་ཚུགས་ནས་དངོས་སྒྲུབ་ལ་མཐོང་ཆེན་བྱས་ཏེ་ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཛུགས་སྐྲུན་པར་བརྩོན་ལེན་བྱེད་པ། འགན་འཁྲི་ཟབ་མོ་བཙུགས་ནས་ཞིང་ཁམས་དག་གཙང་སྲུང་སྐྱོང་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་བརྩོན་ལེན་བྱེད་པ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་དམངས་ཕྱུག་གི་ལག་ལེན་བྱེད་མཁན་ཞིག་ཏུ་བརྩོན་ལེན་བྱེད་དགོས། ལུའོ་མའེ་ཡིས་རིམ་ཁག་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་རྣམ་གྲངས་གཞུང་དོན་ཁང་གིས་གསོ་སྐྱོང་དོ་དམ་ཡག་པོ་བྱེད་པ་དང་མི་སྤྱོད་ཚན་པ་ཁག་གིས་དང་བླངས་པར་སེམས་ཁུར་ཞིབ་ཚགས་བྱས་ཏེ་གཞོན་ནུ་དེ་བས་མང་བ་གངས་ལྗོངས་སུ་རྩ་བ་ཚུགས་ནས་ས་མཐོར་བྱས་རྗེས་འཇོག་དགོས།
ཧུའུ་པའེ་ཅིང་གིས་རྒྱ་ཆེའི་དང་བླངས་པ་ཚོར་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་གངས་ལྗོངས་ས་མཐོར་དད་མོས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་བློ་ཐག་ཆོད་པོས་གཞི་རིམ་དུ་རྩ་བ་ཚུགས་པའི་ཁྲོད་དུ་སྙིང་སྟོབས་དང་གཤིས་རྒྱུད་སྦྱོང་བརྡར་བྱེད་དགོས། དུས་རབས་ཀྱི་ལས་འགན་ལྗིད་པོ་བློ་ཁོག་ཆེན་པོས་འཁུར་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། སྦྱངས་པ་སྤྱོད་གོ་ཆོད་པ་མཐའ་འཁྱོངས་བྱས་ཏེ་ལས་ཀ་བྱེད་ཞོར་དུ་སློབ་སྦྱོང་བྱེད་པའི་ཁྲོད་དུ་འཇོན་ཐང་སྦྱོང་བརྡར་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱས་ནས་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།
གཡུལ་སྐྱོད་མཛད་སྒོའི་ཐོག་དང་བླངས་པའི་འཐུས་མི་བཞིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། སྐབས་2024ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དབྱིན་གཡོད་ཧྭ་ཡིས་མལ་གྲོ་གུང་དཀར་རྫོང་དུ་ཞབས་འདེགས་ཞུས་ནས་ལོ་གཉིས་སོང་ཞིང་། ཁོང་གིས་གཞི་རིམ་གྱི་ལས་དོན་ལ་མྱུར་ལམ་མེད་པས་ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱས་ནས་རང་ཁྱིམ་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་གང་ཐུབ་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། དེ་བཞིན་ལོ་གཉིས་རིང་དང་བླངས་ཞབས་ཞུའི་ལམ་བུའི་ཐོག་བསྐྱོད་མྱོང་བའི་ཙོའུ་ཧེང་གིས་དིང་རི་རྫོང་དུ་མཐའ་མཚམས་སྐོར་སྲུང་དང་ས་ཡོམ་རོགས་སྐྱོབ། བྱིས་པའི་སེམས་ཁམས་སེམས་གསོ་སོགས་ཀྱི་ལས་དོན་ནང་ཞུགས་པ་དང་། ཁ་བ་བུ་ཡུག་གིས་མཐའ་སྲུང་དང་འཕྲལ་སྡོམ་ཞབས་ཞུའི་ཁྲོད་འགན་འཁྲི་འཁུར་ནས་མཐའ་མཚམས་བརྟན་སྲུང་གིས་གཟི་བརྗིད་དོན་སྙིང་སྙན་སེང་ཞུས་པ་རེད། རེན་ཞའོ་ཡུས་ནི་ད་ལོ་སླེབས་མ་ཐག་པའི“དང་བླངས་པ་གསར་པ”ཡིན་ལ་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་མཁན་ཁག་དང་པོའི་གཞོན་ནུ་དང་བླངས་པ་ཞིག་ཀྱང་ཡིན། ཁོང་གིས་སྦྱོང་པའི་ཆེད་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་གཞོན་ནུའི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོབ་བྱེད་རྒྱུ་གསལ་སྟོན་བྱས་པ་དང་། སྐབས་28པའི་ཞིབ་འཇུག་སློབ་མའི་སློབ་གསོར་རྒྱབ་སྐྱོར་ཚོགས་པའི་ཁོངས་མི་ལེའོ་ཉིང་དགེ་འོས་སློབ་ཆེན་གྱི་སློབ་མ་ཀྲའོ་སི་ཏི་ལྷོ་ཁ་གྲོང་ཁྱེར་དུ་སློབ་གསོར་རྒྱབ་སྐྱོར་ཞབས་འདེགས་ཞུ་བར་བསྐྱོད་རྒྱུ་རེད། ཁོང་གིས་སློབ་ཁྲིད་ལས་གནས་ལ་གཞི་ཚུགས་ཏེ་སློབ་ཚན་སློབ་ཁྲིད་གཏིང་ཟབ་དང་རྒྱལ་ཁབ་ཀྱི་ཐུན་མོང་སྐད་ཡིག་ཁྱབ་གདལ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་གཏོད་རྒྱུ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ནང་འདྲེས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ལང་ཚོའི་འདྲི་ལན་འབྲི་རྒྱུ་རེད།
ཚོགས་ཞུགས་འགོ་ཁྲིད་ཀྱིས་དང་བླངས་པར་དར་ཆ་སྤྲད་རྗེས་དང་བླངས་པ་ཡོངས་ཀྱིས་ཁུ་ཚུར་གཡས་པ་བཀྱགས་ནས་ལང་ཚོའི་ཐོག་ནས་ལམ་འདིང་བ་དང་ཕུགས་བསམ་འོད་འཚེར་དུ་འཇུག་རྒྱུའི་དམ་བཅའ་བཞག་པ་རེད། དེར་བརྟེན་གཞོན་ནུ་དང་བླངས་པ་ཁག་གསར་པ་གཞི་རིམ་དུ་རྩ་བ་ཚུགས་པ་དང་ནུབ་རྒྱུད་དུ་བྱས་རྗེས་འཇོག་པའི་རྒྱང་སྐྱོད་ལམ་བུའི་ཐོག་དངོས་སུ་བསྐྱོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་དེ་2003ལོར་བོད་དུ་ལག་བསྟར་བྱས་པ་ནས་བཟུང་། ལོ་24རིང་རིམ་རྩིས་བྱས་ན་དང་བླངས་པ་16000ལྷག་ཙམ་བོད་དུ་ཞབས་འདེགས་ཞུ་བར་ཡོང་བ་དང་དང་བླངས་པ་4000ལྷག་ཙམ་ཞབས་ཞུའི་དུས་ཡུན་ཐིམ་རྗེས་བོད་དུ་སྡོད་རྒྱུའི་གདམ་ག་བྱས་པ་རེད། 2026ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)26ནས་ཡོང་བའི་དང་བླངས་པ་1431བོད་དུ་ཞབས་འདེགས་ཞུ་བར་ཡོང་བ་དང་ཁོང་ཚོ་བོད་ཀྱི་ས་གནས་ཁག་གི་གཞི་རིམ་འཐབ་ཕྱོགས་དང་པོར་བསྐྱོད་དེ་རྨང་གཞིའི་སློབ་གསོ་དང་། གྲོང་གསེབ་དར་རྒྱས། གཞི་རིམ་བཅོས་སྐྱོང་། གཞོན་ནུའི་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་ཀྱི་དང་བླངས་པའི་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུ་ཡིན་པ་རེད།
ཚེ་རིང་ཐར་གྱིས་བསྒྱུར།


