西藏青年报藏文版གལ་ཆེའི་གསར་འགྱུར། 2026ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་བ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་སའི་བཟོ་ལས་འཕེལ་རྒྱས་མྱུར་པོ་བྱུང་བ།

放大 缩小 默认

2026ལོའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་བ།

འདི་ནི་ཟླ་7ཚེས་22ཉིན་ལས་དོན་མི་སྣས་མེ་འཁོར་བབས་ཚུགས་སུ་དང་བླངས་པ་གསར་པར་བསུ་བ་ཞུ་བའི་གནས་ཚུལ་དངོས་ཡིན་པ།

ཟླ་7ཚེས་22ཉིན་གངས་ལྗོངས་ས་མཐོར་ལང་ཚོའི་ཆུ་རྒྱུན་བཞུར་ཞིང་། མེ་འཁོར་ཐེངས་Z322ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་སྟེགས་བུར་བརྟན་པོའི་ངང་བསྡད་པ་དང་འཁོར་སྒྲོམ་གྱི་སྒོ་རིམ་བཞིན་ཕྱེ་བ་དང་། རྡོག་ཁྲེས་ཁུར་བའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་གསར་དུ་བསྡུས་ནས་ལྷ་སར་འབྱོར་ནས་དུས་ཡུན་ལོ་གཅིག་ནས་གསུམ་བར་གྱི་གཞི་རིམ་དང་བླངས་ཞབས་ཞུའི་འཚོ་བ་དངོས་སུ་འགོ་བཙུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་ཡོངས་སུ་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྱོན་1500ལྷག་ཙམ་ཡོང་བ་དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)26ལ་ཁྱབ་ཡོད། ཁོང་ཚོ་གཅིག་སྡུད་ཐོག་ལས་གནས་མ་བསྒྲུབས་གོང་གསོ་སྦྱོང་བྱས་རྗེས་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དུ་བསྐྱོད་དེ་གྲོང་གསེབ་ཀྱི་སློབ་གསོ་དང་། གཞི་རིམ་བཅོས་སྒྲིག བདེ་ཐང་གྲོང་གསེབ་དང་། རྒྱལ་སྲུང་མཐའ་སྲུང་སོགས་འཐབ་ཕྱོགས་དང་པོའི་ལས་གནས་སུ་གཞི་ཚུགས་རྒྱུ་ཡིན་པ་རེད།

ཞོགས་པའི་ལྷ་སའི་གནམ་སྔོན་ཞིང་དྭངས་ལ་འོད་ཟེར་འཕྲོས། ་དེའང་བོད་དུ་ཐོག་མར་སྐྱོད་པའི་དང་བླངས་པ་མང་པོ་ཞིག་གི་བག་ཆགས་དང་པོ་དེ་རེད། ལྷ་ས་ས་ཚིགས་སུ་ཐོག་མར་འབྱོར་ཐོ་འགོད་པའི་དཔུང་ཁག་ནང་ཧུའུ་པེ་ནས་ཡོང་བའི་ཐུའུ་ཡུའེ་ཉིན་དེར་བོད་དུ་ཞིབ་བཤེར་དང་དཔྱད་གཞིའི་ཡིག་རིགས་འབུལ་མཁན་དང་བླངས་པ་དང་པོར་གྱུར་ཡོད། རླངས་འཁོར་བབས་ཚུགས་ཀྱི་ཚོམས་ཆེན་ནས་ཐོན་ཏེ་ས་མཐོའི་དྲག་པོ་དང་དྭངས་གཙང་གི་ཉི་འོད་བསུས་ནས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས།

“ཆུ་ཚོད་བཅུ་ཕྲག་ཁ་ཤས་མེ་འཁོར་ལ་བསྡད་དེ་བདེ་ཐང་གི་རི་ཚོགས་བརྒལ་ནས་མཐར་བོད་ཀྱི་ས་ཆར་བསྐྱོད་པ་ཡིན། འདི་ལོ་ས་ཚིགས་སུ་འབྱོར་ཐོ་འགོད་མཁན་དང་བླངས་པ་དང་པོ་ཡིན་པའི་ངོས་ནས་ངའི་སེམས་པ་འཚབ་ཀྱི་འདུག་ལ་རེ་སྒུག་ཀྱང་དེ་བས་ཆེན་པོ་བྱེད་ཀྱི་ཡོད” ཐུའུ་ཡུའེ་ནི་ཝུའུ་ཧན་བཟོ་སྐྲུན་ཚན་རྩལ་སློབ་གླིང་གི་ལོ་འདིའི་སློབ་ཐོན་སློབ་མ་ཞིག་ཡིན་པ་དང་སློབ་གྲྭར་སྡོད་རིང་ཡུན་རིང་སློབ་གྲྭའི་དང་བླངས་ཞབས་ཞུའི་ནང་ཞུགས་ནས་སྔ་ས་ནས་ནུབ་རྒྱུད་འཆར་གཞིའི་རྣམ་གྲངས་ལ་དོ་ཁུར་བྱེད་ཀྱི་ཡོད། རང་ཉིད་ཀྱི་གདམ་གའི་སྐོར་གླེང་སྐབས། ཁོང་གིས“སློབ་གྲྭར་འགྲོ་སྐབས་རྒན་རབས་དང་གཅེན་མོའི་བོད་ཀྱི་གཏམ་རྒྱུད་མང་པོ་ཐོས་མྱོང་ཡོད། ངས་ཐོག་མཐའ་བར་གསུམ་དུ་སྐྱིད་སྣང་དོད་པའི་ཁུལ་ནས་ཐོན་ཏེ་སློབ་ཆེན་དུ་སྦྱངས་པ་དེ་དགོས་མཁོ་དངོས་སུ་ཡོད་པའི་ས་ཆར་སྤྱོད་འདོད་ཡོད། ངས་སླད་ཕྱིན་གྱི་ཞབས་ཞུའི་དུས་ཚོད་ནང་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་དང་ཉེ་བཅར་བྱས་ནས་གངས་ལྗོངས་ས་མཐོར་རང་ཉིད་སྦྱོང་བརྡར་བྱེད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་གཞོན་ནུའི་འགན་འཁྲི་འཁུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

ཐུའུ་ཡུའེ་དང་རླངས་འཁོར་གཅིག་ཏུ་འབྱོར་བའི་ཀུའེ་ཀྲོའུ་ཡི་དང་བླངས་པ་ཞའོ་ཝུན་ནི་བོད་དུ་སྐྱོད་ཐེངས་དང་པོ་ཡིན་པ་དང་ས་མཐོར་ཐུན་མོང་མ་ཡིན་པའི་དཀར་ཆ་དོད་པའི་གནམ་འོད་དེ་ཁོང་ལ་ས་གཞི་དེར་ཐོག་མའི་བག་ཆགས་ཟབ་མོ་ཞིག་ཏུ་གྱུར་ཡོད། མགོ་བོ་ཡར་བཀྱགས་ནས་མུ་མཐའ་མེད་པའི་སྔོ་དྭངས་ཀྱི་ནམ་མཁའ་ལ་བལྟས་ཚེ།ཉི་འོད་ཐོག་བརྩེགས་སྤུ་ཙམ་ཡང་མེད་པར་ཐོག་ཁང་དང་།ཁྲོམ་ལམ།ཐག་རིང་གི་རི་བོ་བཅས་སུ་འཕྲོ་བཞིན་ཡོད།ཡངས་ཤིང་རྒྱ་ཆེ་བའི་ཡུལ་ལྗོངས་ཀྱིས་ཁོང་གི་འགྲུལ་བཞུད་ལམ་བར་གྱི་ངལ་དུབ་གློ་བུར་དུ་མེད་པར་བཟོས།

ཞའོ་ཝུན་གྱིས“དེ་སྔ་སློབ་དེབ་དང་བརྙན་ཐུང་ནང་ནས་བོད་ལ་རྒྱུས་ལོན་བྱེད་ཀྱི་ཡོད། ད་ཆ་དེ་གར་འབྱོར་ཚེ་གཞི་ནས་ས་མཐོའི་མཛེས་སྡུག་དངོས་སུ་ཚོར་ཐུབ་ཀྱི་ཡོད། དེ་རྗེས་ས་མཐོའི་ཁོར་ཡུག་དང་གང་མགྱོགས་འཚམ་པར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཐག་ཡག་པོ་ཞིག་བྱེད་རྩིས་ཡོད”ཅེས་བཤད།

ནུབ་རྒྱུད་འཆར་གཞི་བོད་ལྗོངས་རྣམ་གྲངས་གཞུང་དོན་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཆེན་སློབ་མའི་དང་བླངས་ཞབས་འདེགས་ཞུ་བའི་ནུབ་རྒྱུད་འཆར་གཞི་དེ་2003ལོར་བོད་དུ་ལག་བསྟར་བྱས་པ་ནས་བཟུང་ལོ་20ལྷག་ཙམ་བརྒྱུད་རིམ་རྩིས་བྱས་ན་ཁག་23གྱི་དང་བླངས་པ་15321སྔ་རྗེས་སུ་བོད་དུ་ཞབས་འདེགས་ཞུ་བར་ཡོང་བ་དང་མི་བཞི་སྟོང་ལྷག་ཙམ་ཞབས་འདེགས་ཞུ་ཡུན་ཐིམ་རྗེས་བོད་དུ་བསྡད་ནས་རྩ་བ་ཚུགས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་གཞོན་ནུའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

བོད་དུ་འབྱོར་བའི་དང་བླངས་པ་ཚང་མས་ལྷ་སར་དུས་ཡུན་ཉིན་4ཡི་བཀག་སྡོམ་རྣམ་པའི་ལས་ཞུགས་མ་བྱས་གོང་གི་གཅིག་སྡུད་གསོ་སྦྱོང་བྱ་རྒྱུ་ཡིན་པ་དང་སློབ་ཚན་ནང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་། བོད་ལྗོངས་ཀྱི་གནས་ཚུལ་དང་དེ་བཞིན་སྲོལ་རྒྱུན་རིག་གནས། ས་མཐོའི་འཕྲོད་བསྟེན་བདེ་སྲུང་། གཞི་རིམ་མང་ཚོགས་ཀྱི་ལས་དོན་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་དང་བླངས་པ་ཁག་བགོས་ནས་ས་གནས་ཁག་གི་གཞི་རིམ་ལས་གནས་སུ་བསྐྱོད་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་གསོར་རྒྱབ་སྐྱོར་དང་། ཤང་གྲོང་སྲིད་འཛིན། སྨན་བཅོས་འཕྲོད་བསྟེན། གྲོང་གསེབ་དར་རྒྱས། མཐའ་མཚམས་གཞི་རིམ་ཞབས་ཞུ་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུ་ཡིན་པ་རེད།

“ནུབ་རྒྱུད་དང་གཞི་རིམ། མེས་རྒྱལ། མི་དམངས་ལ་དགོས་མཁོ་ཆེ་ཤོས་ཡོད་པའི་ས་ཆར་བསྐྱོད་དགོས”ཞེས་ལྷ་ས་བབས་ཚུགས་མདུན་གྱི་ཐང་ཆེན་དུ་ལངས་ནས་ན་གཞོན་དང་བླངས་པ་ཁག་གཅིག་གིས་དཀར་ཆ་དོད་པའི་ས་མཐོའི་ཉི་འོད་ཀྱི་མདུན་དུ་རྡོག་ཁྲེས་ལེགས་སྒྲིག་བྱས་ཤིང་། ཁོང་ཚོས་ལྷག་བསམ་དང་ཕུགས་བསམ་བཅངས་ནས་རང་ཉིད་ལ་དབང་བའི་ས་མཐོའི་འཚོ་བ་སྐྱེལ་ཡོད་པ་དང་། ལང་ཚོ་དང་རྔུལ་ཆུ། བརྩེ་སེམས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་གཞོན་ནུ་ཚོའི་སྤྲོ་སེམས་འཁོལ་བའི་ལན་འབྲི་བཞིན་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明