西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ལྔ་བཞིའི་ལུས་རྩལ་འགྲན་ཚོགས། ༄༅། །དབྱར་གསུམ་གྱི་མཛེས་སྡུག ། «མེ་ཏོག་དང་རྨི་ལམ» གྱི་དཔེ་ཀློག་མྱོང་གླེང་།

放大 缩小 默认

«མེ་ཏོག་དང་རྨི་ལམ» གྱི་དཔེ་ཀློག་མྱོང་གླེང་།

□ 作者 བདེ་སྐྱིད་ཆོས་སྒྲོལ།

གུས་ཤིང་བརྩེ་བའི་དགེ་བའི་བཤེས་གཉེན་ལྷན་རྒྱས་དང་གཅེས་པར་འོས་པའི་སློབ་གྲོགས་རྣམ་པ་ཚོ། ཉིན་དགུང་གི་ཆ་ནས་ལྷན་རྒྱས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ། ང་རང་ནི་མཐོ་གཉིས་འཛིན་གྲྭ་བརྒྱད་པའི་སློབ་མ་བདེ་སྐྱིད་ཆོས་སྒྲོན་ཡིན། ཇི་སྐད་དུ། དཔེ་ཀློག་མང་ན་ཤེས་ཡོན་འཕེལ། ཤེས་ཡོན་འཕེལ་ན་རྣམ་དཔྱོད་ཡངས། ཞེས་པའི་ཚིགས་རྐང་གཉིས་ལས་ང་ཚོར་དཔེ་ཀློག་གི་གལ་ཆེན་རང་བཞིན་བསྟན་ཡོད། ད་ཐེངས་ངས་ཁྱེད་རྣམ་པར་མཉམ་སྤྱོད་ཞུ་བྱེད་ཀྱི་དཔེ་དེབ་ནི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བརྩམས་པའི་བུ་མོའི་བརྗོད་བྱ་གཙོ་བོར་བྱས་པའི་བོད་ཡིག་གི་སྒྲུང་རིང་«མེ་ཏོག་དང་རྨི་ལམ»ཞེས་པ་འདི་ཡིན།

ང་ཚོས་སྔོན་ལ«མེ་ཏོག་དང་རྨི་ལམ»ཞེས་པའི་འཇིག་རྟེན་དུ་བསྐྱོད་དེ་རི་ཆུ་སྟོང་ཕྲག་བརྒལ་ཞིང་སྡུག་བསྔལ་གྱི་ཁྲོད་ནས་འབོད་སྒྲ་སྒྲོག་པའི་ན་གཞོན་བུ་མོ་བཞིའི་ཚེ་སྲོག་གི་སྐད་ཆ་ཉན་འདོད་ལ། དུས་རབས་ཤིག་གི་ན་ཟུག་དང་འཁོར་བའི་འདུ་འཛིའི་རྒྱབ་ཀྱི་ཁ་ཁུ་སིམ་པའི་འདས་དོན་ལ་བསམ་གཞིགས་བྱེད་འདོད། བརྩམས་སྒྲུང་འདི་ནི་བུད་མེད་རྩོམ་པ་པོ་ཞིག་གིས་བྲིས་པའི་བརྩམས་སྒྲུང་རིང་པོ་གཅིག་ཡིན། དེབ་འདིའི་ནང་རྩོམ་པ་པོས་ཤིན་ཏུ་བདེན་པའི་སྨྱུག་ཁ་ལ་བརྟེན་ནས་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་། བོད་ཀྱི་སྤྱི་ཚོགས་འཕོ་འགྱུར་གྱི་དུས་རིམ་ཁྲོད་གྲོང་གསེབ་ཀྱི་བུ་མོ་བཞི་གྲོང་ཁྱེར་དུ་བསྐྱོད་དེ་རྨི་ལམ་དང་དངོས་ཡོད། ལྷག་བསམ་དང་འདོད་ཆགས། སྡུག་རུས་དང་ཉམས་རྒུད་བཅས་ཀྱི་ཁྲོད་དུ་འཐབ་རྩོད་བྱེད་པའི་མི་ཚེ་བྲིས་ཡོད། ཁོ་ཚོ་ནི་ས་མཐོའི་སྟེང་གི་བཞད་ལ་ཉེ་བའི་མེ་ཏོག་ཞིག་དང་འདྲ་བར་དྭངས་གཙང་གི་རྨི་ལམ་བཅངས་ཡོད་མོད་འོན་ཀྱང་དུས་རབས་ཀྱི་ཆུ་ལོག་ཁྲོད་འདམ་རྫབ་ཀྱི་ནང་དུ་ལྷུང་བའི་མི་ཚེའི་ལོ་རྒྱུས་བྲིས་ཡོད།

སྒྲུང་གཏམ་གྱི་མི་སྣ་དང་པོ་སྒྲོལ་དཀར་ནི་སྡུག་བསྔལ་གྱི་ཁྲོད་དུ་བཞད་པའི་གངས་ལྷ་མེ་ཏོག་གཅིག་དང་འདྲ་བར་མི་ཚེ་གང་པོར་སྙིང་རུས་དང་ཕུལ་བྱུང་གི་གཤིས་རྒྱུད་ལྡན། འཚོ་བའི་དཀའ་ངལ་གྱིས་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་ལྷ་སར་གླ་པར་སོང་ཞིང་ལས་ཀ་ཆེས་དཀའ་བ་རྣམས་བསྒྲུབས་ནས་བསགས་པའི་དངུལ་ཆ་ཚང་ཁྱིམ་ལ་བསྐུར། འོན་ཀྱང་ཁོ་མོའི་སེམས་བཟང་པོ་དེ་མི་ངན་གཞན་གྱིས་གནོད་བྱེད་ཀྱི་ལག་ཆར་བཟུང་ཞིང་མཐར་དབུལ་ཕོངས་ཀྱི་གནས་ལས་ཐར་མ་ཐུབ་ལ་མི་ངན་གྱི་བསླུ་བྲིད་འོག་རང་སེམས་དང་འགལ་བའི་ལམ་དུ་བཞུགས་ནས་མཐར་ནད་གཞི་ལྕི་མོ་ཕོག གཡང་འཛོམས་ནི་ཆར་རླུང་ཁྲོད་ཀྱི་རྩྭ་ཐང་གི་མེ་ཏོག་ཆུང་ཆུང་ཞིག་སྟེ་ཕ་མ་གཉིས་ཀ་དུས་མིན་དུ་འདས་རྗེས་དྭ་ཕྲུག་ཏུ་གྱུར། གཞན་གྱི་གཡོག་མོ་བྱས་ཏེ་མཐོང་ཆུང་དང་བརྙས་བཅོས་མྱངས་ཤིང་མཐར་གཞན་གྱིས་བཙན་གཡེམ་བྱས་ཀྱང་ཁ་རོག་གེར་སྡུག་བསྔལ་མྱོང་བ་ལས་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་ལས་ཁོ་མོའི་མི་ཚེ་ནི་སྤྱི་ཚོགས་ཀྱི་མཐའ་རིམ་བུད་མེད་ཀྱི་ཕམ་ཁ་ཞིག་ཡིན་པ་ཤེས་ཐུབ། འཛོམས་སྐྱིད་ནི་ཚེར་མ་ལྡན་པའི་རྒྱ་སེ་མེ་ཏོག་དང་འདྲ་བར་བརྩེ་དུང་ལ་ཕམ་ཁ་བྱུང་སྟེ་གྲོང་ཁྱེར་དུ་བསྐྱོད། གྲོང་ཁྱེར་གྱི་འདོད་ཡོན་འོག་ལམ་ནོར་དུ་སོང་ཞིང་འདོད་སྲེད་ཀྱི་འདམ་རྫབ་ནང་དུ་བྱིངས། འོན་ཀྱང་མཐར་གསལ་རྟོགས་བྱུང་སྟེ་གྲོང་གསེབ་ཀྱི་པང་དུ་ལོག་ནས་རང་ཉིད་ཀྱི་གཤིས་ཀ་བཟང་པོ་དེ་བསྐྱར་དུ་རྙེད། མི་སྣ་མཇུག་ཤོས་ཕ་ཡུལ་སི་ཁྲོན་ནས་ཡིན་པའི་བུ་མོ་ཞའོ་ལི་ནི་དམྱལ་བ་ལྟ་བུའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་། ཁོ་མོ་ནི་བཟོད་བསྲན་ཆེ་བའི་འདམ་བུ་ཞིག་དང་འདྲ་བར་ནང་མིའི་བརྩེ་བ་ལ་རེ་བ་བྱས་ཏེ་མི་ཚེ་གང་པོར་རང་ཉིད་བློས་བཏང་ནས་ཁྱིམ་ལ་དངུལ་བསྐུར། ཁོ་མོའི་མི་ཚེ་ནི་སྲོལ་རྒྱུན་གྱི་བསམ་བློའི་བཀག་རྒྱ་དང་དངོས་ཡོད་ཀྱིས་བཅོམ་པའི་བུད་མེད་དཀྱུས་མ་ཞིག་ཡིན།

བརྩམས་སྒྲུང་དེས་སྤྱི་ཚོགས་ཀྱི་སྣང་མེད་དང་དངོས་པོའི་བསླུ་བྲིད། ཕོ་མཆོག་མོ་དམན་གྱི་བསམ་བློ་བཅས་ལ་དགག་པ་དྲག་པོ་བརྒྱབ་ཡོད། དེས་ང་ཚོར་ཡང་རང་སེམས་ཀྱི་དམ་བཅའ་དང་ཀུན་སྤྱོད་ཀྱི་མཐའ་ཚད་བརྟན་པོར་སྲུང་ཞིང་། འདོད་རྔམས་དང་བསླུ་བྲིད་ཀྱི་མདུན་དུ་མགོ་མི་སྒུར་བར་གཙང་ཞིང་དྲང་བའི་མི་ཞིག་བྱེད་རྒྱུ་ནི་གཞི་རྩ་ཡིན་པའི་བསླབ་བྱ་གནང་ཡོད། མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན། ང་ཚོར་སློབ་སྦྱོང་གི་གོ་སྐབས་ཡོད་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པས། ཕུགས་བསམ་འགྲུབ་པར་བརྩོན་འགྲུས་བྱེད་དགོས། བུ་མོ་དེ་དག་གི་མི་ཚེ་ལས་བྱུང་བའི་བསླབ་བྱ་བླངས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་བསླུ་བྲིད་ལ་མི་ཚུད་པར་རང་ཉིད་ཀྱི་འབད་པ་ལ་བརྟེན་ནས་བདེ་སྐྱིད་འཛུགས་སྐྲུན་བྱེད་དགོས། །

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལོ་རིམ་༢(༨)

ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明