2026ལོའི་ཟླ་5ཚེས་20ཉིན་ཉིན་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཆུ་ཤུར་རྫོང་མང་ཚོགས་ཚོགས་པའི་ལས་དོན་ཁང་དང་ཆུ་ཤུར་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ལང་ཚོའི་དུས་ཆད·གཉེན་སྒྲིག་ལྷ་ས་”ཞེས་པའི་2026ལོའི་ལྷ་ས་གྲོང་ཁྱེར་གྱི་གཞོན་ནུ་གཉེན་སྒྲིག་དང་མཛའ་གྲོགས་སྒྲིག་པའི་བྱེད་སྒོ་ཆུ་ཤུར་རྫོང་འཇུན་པ་ཉ་པའི་གྲོང་ཚོར་གཉེར་བ་རེད།
བྱེད་སྒོའི་ནང་གཙོ་གནད་གཞོན་ནུ་གཉེན་སྒྲིག་དང་གྲོགས་པོ་སྒྲིག་པའི་དགོས་མཁོར་དམིགས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་གཞོན་ནུ་མི་རྐྱང་འབོར་ཆེན་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། བྱེད་སྒོའི་ནང་རིག་རྩལ་འགྲེམས་སྟོན་དང་། སྤྲོ་སྣང་ལྡན་པའི་ཆུ་གཏོར། མ་གྲོས་གཅིག་མཐུན་མཉམ་འགུལ། རང་མོས་གླེང་མོལ། བརྩེ་དུང་ངོ་སྤྲོད་སོགས་ཀྱི་བརྒྱུད་རིམ་བཀོད་སྒྲིག་བྱས་ཏེ་བག་ཕེབས་ལ་འཁྲུག་ཆ་དོད་པའི་རྣམ་པའི་ཐོག་ནས་གཞོན་ནུ་ཚོས་ཐོག་མའི་ཆ་མེད་རྒྱུད་མེད་དང་ངོ་ཚའི་རྣམ་པ་དེ་ཚོ་མེད་པར་བཟོས་པ་རེད།
བྱེད་སྒོའི་ནང་ད་དུང་ཉ་ཡི་གསོལ་སྟོན་གྱི་བྲོ་བ་མྱོང་བ་དང་དམངས་སྲོལ་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་ཁྱད་ཆོས་ལྡན་པའི་ནང་དོན་ཡང་ཡོད་པས་གཞོན་ནུ་ཚོས་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་ཆབས་ཅིག་ངོ་མཚར་ལྡན་པའི་བོད་ཀྱི་རིག་གནས་མྱོང་ཚོར་བྱས་པ་རེད།
ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པས་གཞོན་ནུ་རྣམས་བྱེད་སྒོར་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། ཉིན་དེ་རང་ལ་གཞོན་ནུ་5གཉེན་སྒྲིག་བྱེད་རྒྱུ་ལེགས་འགྲུབ་བྱུང་བ་དང་མི་20ཡིས་གྲོགས་པོ་སྒྲིག་པའི་བསམ་འདུན་ཡོད་པ་དང་དེའི་ནང་ཞུགས་མཁན་ཚོས་གཅིག་རྗེས་གཉིས་མཐུད་ངང་ཕན་ཚུན་འབྲེལ་གཏུགས་བཞག་ནས་མ་འོངས་པར་ཕན་ཚུན་འབྲེལ་གཏུགས་གཏིང་ཟབ་བྱེད་པའི་བསམ་འདུན་ཡག་པོ་བྱུང་བ་རེད།
སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱིས་གཞོན་ནུའི་འཕེལ་རྒྱས་ཀྱི་མཛའ་གྲོགས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གཞོན་ནུའི་གཅེས་སྐྱོང་ཞབས་ཞུ་ཏན་ཏིག་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་གཙོ་གནད་ཐོག་གཞོན་ནུའི་འཕེལ་རྒྱས་ཀྱི་དགོས་མཁོ་རྒྱུན་མཐུད་དེ། རྣམ་པ་སྣ་ཚོགས་ཀྱི་གཞོན་ནུའི་གཅེས་སྐྱོང་བྱེད་སྒོ་སྤེལ་ནས་དེ་ལས་མང་བའི་གཞོན་ནུ་འཚར་ལོངས་ཡོང་བར་འབྲེལ་ཟམ་གཏོད་རྒྱུ་ཡིན་ཞེས་བཤད།
བསོད་བསྟན་གྱིས་བསྒྱུར།


