西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །ཨ་མའི་བརྩེ་བ། 《ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》བཀྲམ་པ། ༄༅། །བརྗེད་པར་དཀའ་བའི་འདས་དོན།

放大 缩小 默认

༄༅། །ཨ་མའི་བརྩེ་བ།

□ 作者 ཚེ་རིང་དར་འཛོམས།

གལ་སྲིད་མི་ཞིག་གིས་ང་ལ་“འཇིག་རྟེན་འདིའི་ཐོག་ན་བཀའ་དྲིན་ཆེ་ཤོས་ཀྱི་མི་སུ་ཞིག་ཡིན་”ཞེས་དྲིས་ན། ངས་ཐེ་ཚོམ་མེད་པར་མི་དེ་ལ་“རང་གི་ཨ་མ་རེད”ཅེས་ལན་འདེབས་སྲིད། གང་ཡིན་ཟེར་ན། ཨ་མས་ང་ཚོ་འཇིག་རྟེན་མི་ཡུལ་འདིར་ཁྲིད་གནང་བ་དང་། གོག་བགྲོད་ནས་ལངས་ཏེ་གོམ་པ་སྤོ་བའི་རྩལ་ནུས་ཨ་མས་བསླབ་པ་ཡིན་ལ། སྐད་ཆའི་ངག་སྒོ་ཐོག་མར་འབྱེད་མཁན་ཡང་བརྩེ་བའི་མ་ཡུམ་ཁོང་ཡིན།

ང་ཚོ་བསམ་ཤེས་མི་ཐོངས་པའི་ཆུང་ངུའི་དུས་སུ་ལས་ཀ་ཆེ་ཆུང་ཅི་ཞིག་ཡིན་རུང་རྒྱུན་དུ་ཨ་མར་སྡུག་ཡུས་བྱེད་པར་དགའ་ཞིང་། འཕེན་གཡུག་གཏོར་གསུམ་གྱི་ལས་ཀར་མཚམས་དང་ཚོད་མེད་པ་སྐབས་དེ་དུས་མ་ཚོར་རུང་ད་ལྟ་བསམ་གཞིག་ཐུབ་པ་ཞིག་ཡིན་པས། ཨ་མར་དགོས་མེད་ཀྱི་དཀའ་རྙོག་མང་པོ་ཞིག་བཟོས་ཡོད་པ་ནི་སྨོས་མ་དགོས།

རྒན་པ་དག་གི་ངག་ལས་ཐོས་པ་ལྟར་ན། ཆུང་ངུའི་དུས་སུ་ངའི་སྒལ་པར་ལྦ་བ་ཆུང་ཆུང་ཞིག་སྐྱེས་ཡོད་པས། ཨ་མས་དེ་ལ་སྣང་ཆུང་གཏན་ནས་མ་བཟོད་པར་ཨ་ཁུ་སྨན་དཔྱད་ཤེས་མཁན་ཞིག་ཡོད་པ་དེ་ལ་བརྟེན་པས། དེས་ངའི་སྒལ་པར་ཤིང་ལེབ་གཅིག་འཇོག་དགོས་ཚུལ་གསུངས་པ་བཞིན། ཨ་མས་དུས་ཐོག་ཏུ་ཁོང་གི་བཀའ་མངགས་ལྟར་ངའི་སྒལ་རྒྱབ་ཏུ་ཤིང་ལེབ་ཅིག་བཅུག་ནས་ལྦ་བ་དེ་ཡང་རིམ་པས་འཇའ་ལྟར་ཡལ་བ་གྱུར་གསུངས། གལ་སྲིད་དེ་ལྟར་བྱས་མེད་ཚེ་ངའི་ལུས་པོ་འདི་བདེ་མ་ཐང་མ་འདི་འདྲ་ཡོད་ག་ལ་སྲིད། གལ་སྲིད་དེ་དུས་ནས་ཨ་མས་ང་ལ་ལྟ་སྐྱོང་ནན་པོ་བྱས་མེད་ན། ད་ལྟའི་ཕུན་སུམ་ཚོགས་པའི་འཚོ་བ་འདི་ཡོད་ག་ལ་སྲིད་ཨང་། ངས་ཨ་མར་སྤྲད་པའི་སྡུག་བསྔལ་དེ་ཙམ་གྱིས་ག་ལ་ཚད་དེ། ཧ་ལམ་ང་རང་ལོ་གཉིས་སམ་གསུམ་གང་རུང་ཞིག་གི་སྐབས་ཤིག་ལ། ང་ཚོ་ཟོག་དེད་ནས་དབྱར་རྩྭ་དགུན་འབུ་བརྐོ་སར་སླེབས་ཡོད། ཉིན་ཞིག་གི་དགོང་མོ་ཨ་མས་ཐབ་ལས་བྱེད་བཞིན་ཡོད་ཅིང་། ཁྱིམ་ལ་ང་དང་ལོ་ཚོད་མཉམ་པའི་བུ་མོ་ཞིག་མགྲོན་པོར་སླེབས་ཡོད་པས། ཨ་མས་ཇི་ལྟར་བཤད་རུང་ཁ་ལ་མ་ཉན་པར་ངེད་གཉིས་ཕན་ཚུན་འབུད་རྒྱག་རྒྱག་རེས་ཀྱི་རྩེད་མོ་རྩེས་ནས་བསྡད། མོས་ང་ལ་འབུད་ཐོ་ཞིག་བརྒྱབ་པས་ཆུ་ཁོལ་མའི་སྣོད་ལ་ཐོ་ཐེབས་ནས་ཆུ་ཁོལ་ཚ་པོ་ངའི་རྐང་པར་བོ། ཆུ་ཁོལ་ཤིན་ཏུ་ཚ་བས་ང་ན་ཟུག་གིས་བཟོད་མ་ཐུབ་པར་ཡུན་རིང་བར་ངུས་པ་ཡིན། ཨ་མ་དང་སྲུ་མོ་ཆུང་བ་ཡང་ཚུལ་དེ་མཐོང་ནས་སེམས་ཀྱིས་མ་བཟོད་པར་ཡུན་རིང་ངུས་པ་ད་ལྟ་སེམས་ལ་གསལ་ལ་མི་གསལ་ཞིག་འདུག དེ་ནས་ཚ་བསྲེགས་ཐེབས་པའི་ངའི་རྐང་པ་དེར་གཞན་གྱི་ཐུག་རེག་མི་ཡོང་བའི་ཆེད་དུ་ཕྲུ་གུ་ཕལ་ཆེ་བ་ངའི་འགྲམ་དུ་ཡོང་དུ་མ་བཅུག་པ་དང་། དགོང་མོ་ཉལ་སྐབས་གོས་ཐུང་རྨ་ཐོག་ལ་འབྱར་ནས་ན་ཟུག་ཞེ་དྲག་ཡོད་པས། ཨ་མས་ཨ་ཁུར་དྲིས་པ་བརྒྱུད་ལྕེབས་ལ་ཤོག་སྒམ་ཞིག་རྒྱུན་དུ་འཇོག་གི་ཡོད་ཟེར། ཨ་མས་བུ་ཕྲུག་ལ་རྒྱུན་ལྡན་གྱི་གཡོག་ལས་བྱེད་རྒྱུ་ཙམ་དུ་མ་ཟད། ད་དུང་སྡོད་ཚོད་མེད་པའི་བྱིས་པ་ཚོའི་བྱས་ཉེས་མཐའ་དག་ཀྱང་རང་གིས་བསྡུ་དགོས་ཀྱི་ཡོད་པས་ལས་སླ་པོ་གཏན་ནས་མིན།

ངས་ཨ་མར་བཟོས་པའི་དཀའ་རྙོག་ནི་ཆུང་ངུའི་དུས་ཁོ་ན་མ་ཡིན་པར། ཆེན་པོ་ཆགས་ཀྱང་ད་དུང་ཁོང་ལ་དཀའ་ལས་སྤྲད་དགོས་ཀྱི་ཡོད། ནང་ལས་སྣ་ཚོགས་དང་བུ་ཕྲུག་རྣམས་ཁུར་འདྲུད་པང་གསུམ་བྱས་ཤུལ་དུ་ཨ་མའི་སྒེག་ལྡེམ་གྱི་ལུས་པོ་སྟོན་གྱི་ཡལ་འདབ་བཞིན་སྐམ་ལ། སྐེད་པ་དང་ཉ་རྐང་གི་རུས་ཚིགས་ཡོངས་རྫོགས་གྲང་ལྷག་གིས་བཙེས་པས་རྐང་པར་ཆུ་སེར་གྱི་ནད་ན་བ་དང་། འབུ་རྐོ་བར་འགྲོ་སྐབས་སུ་ཉ་རིལ་སྦོས་ནས་ལྟ་མི་བཟོད་པར་འགྱུར་གྱི་ཡོད། འོན་ཀྱང་ཨ་མ་ནི་རང་གི་ལུས་པོར་དཀའ་ཁག་ཅི་ཞིག་འཕྲད་ཀྱང་རང་གཅེས་ཀྱི་བསམ་པ་ཏིལ་འབྲུ་ཙམ་ཡང་མེད་པར་སྒོ་ཕྱི་ནང་གི་ལས་ཀར་འཐུས་ཤོར་ཡེ་མི་གཏོང་། རྒན་དགའ་བཟང་གིས་གསུངས་པ་ལྟར། ང་ནི་རྟག་ཏུ་ཕ་མ་གཉིས་ཀྱིས་ཐུགས་ཁུར་དང་བྱམས་བརྩེའི་འོག་ལ་འཚོས་ཏེ་ཁྱིམ་ལས་ཕྲན་ཚེགས་ཙམ་ཡང་ལས་སུ་མ་བཅུག་པར་སློབ་སྦྱོང་བྱེད་རྒྱུའི་ལས་འགན་ཁོ་ན་ལས་སྐུལ་མི་ནུས།

ཨ་མའི་ལས་ཀ་ལ་ཚོད་མེད་དེ། སྔོན་ཆད་འབྲི་གཡག་ཡོད་སྐབས་ཕྱུགས་ལས་སྣ་ཚོགས་ཀྱིས་འཁོར་ལོ་སྐོར་བ་དང་། རྗེས་སུ་འབྲི་གཡག་མེད་ཀྱང་། དབྱར་རྩྭ་དགུན་འབུ་སྐྱེ་དུས་སུ་སྤང་རིར་ཉུལ་དགོས་ཤིང་། གཡའ་གྲོ་སྨིན་པའི་དུས་སུ་རྫ་མཐར་འགྲིམ་དགོས། དམར་ཆུང་གྲོ་མ་འཚར་དུས་ཐང་ལ་གོག་དགོས། ད་དུང་ཞར་དང་ཞོར་ལ་ནང་མིའི་ཚིམས་རྒྱུ་མེད་པའི་འདོད་བློ་ཡང་བསྐང་དགོས། ཐེངས་ཤིག་ང་ངལ་གསོ་ཡིན་སྐབས་ཨ་མ་མཉམ་དུ་གྲོ་མ་བརྐོ་བར་ཕྱིན་པས། གནམ་གཤིས་གྲང་བའི་ཁར་གྲོ་མ་ཡང་འབེལ་པོ་མེད་པས། ཁོང་གི་གདོང་ལས་ཡིད་ཐང་ཆད་པའི་རྣམ་པ་ཡ་ང་དགོས་པ་ཞིག་མཐོང་བྱུང་། ཁོང་གིས་གལ་ཏེ་གྲོ་མ་མ་རྙེད་ན་གཅིག་ནས་ནང་ལས་ད་དུང་ཚར་མེད་པས་དུས་ཚོད་འཕྲོ་བརླག་ཕྱིན་པ་ཡིན་ལ། གཉིས་ནས་ལོ་གསར་སྐབས་སུ་ཇི་ལྟར་བྱའམ་སྙམ་ནས་སེམས་ཁྲལ་བྱེད་ཀྱི་ཡོད་སྲིད། ད་དུང་ང་ལ་གྲོ་མ་ཡག་པོ་མ་རྙེད་ཚེ་གཤེ་གཤེ་གཏོང་བ་ཕར་ཞོག ཉོབ་པའམ་སེམས་སྐྱོ་བར་དོགས་ནས་སེམས་གསོའི་ཚུལ་དུ། ཁོང་གིས་བརྐོས་པའི་གྲོ་མ་ལས་ང་ལ་ཁ་ཤས་ཁ་སྣོན་རྒྱག་རོགས་བྱས། ཨ་མས་རྟག་ཏུ་སྒེར་སེམས་སྤུ་ཙམ་མེད་པར་ནང་མི་ཚོར་འདི་ལྟར་སེམས་ཁུར་བྱེད་བཞིན་ཡོད།

མི་ཞེས་པ་ནི་མི་རྟག་པ་ཞིག་རེད། ད་ལྟ་རང་ཉིད་ལ་ཕ་མ་ཡོད་ན་ཡང་། ནམ་ཞིག་ཕ་མ་དང་ཁ་བྲལ་ངེས་ཡིན་པས། དྲིན་ཆེན་མ་ཡུམ་དང་ལྷན་དུ་བསྡད་པའི་དུས་སུ་རང་ནུས་གང་ཡོད་ཀྱིས་དྲིན་ལན་འཇལ་འོས་ལ། ཨ་མའི་སེམས་པ་ཡང་ཕངས་སུ་འཇུག་མི་རུང་། “འཇིག་རྟེན་འདིའི་ཐོག་ཆེས་བཟང་ཤོས་ནི་ཨ་མ་ཡིན”ཞེས་པའི་གཞས་ཚིག་ལྟར་རང་ཉིད་ལ་བཀའ་དྲིན་ཆེ་ཤོས་ནི་ཨ་མ་ཡིན་པས། ང་ཚོས་ངེས་པར་དུ་ཁོང་ལ་བློ་ཕམ་སྐྱེ་རུ་འཇུག་རྒྱུ་མེད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༩(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明