ཟླ་3ཚེས་15 ཉིན། བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་2026ལོའི་“3.15”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ལས་ཀའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། 2025ལོའི་ལྗོངས་ཡོངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ལས་ཀའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད། 2025ལོར་ལྗོངས་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་མ་ལག་གིས་འཛད་སྤྱོད་ཞུ་གཏུག་དང་ཐེར་འདོན་ཡིག་ཆ་ཁྲི་2.33བདག་སྤྲོད་བྱས་པ་དང་། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1134.82ཕྱིར་ལེན་བྱས་ཤིང་། ཁ་པར་འབྲེལ་མཐུད་བྱེད་ཚད་དང་རྩོད་གཞི་འདུམ་འགྲིག་བྱེད་ཚད་སོགས་ཀྱི་དམིགས་ཚད་མང་པོ་ཞིག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་འཛད་སྤྱོད་པའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2025 ལོར་བོད་ལྗོངས་ཀྱིས་ཁ་པར་དང་། དྲ་རྒྱ། APP འཕྲིན་ཕྲན་བྱ་རིམ་ཆུང་གྲས། སྒོ་ཁར་ཞུ་གཏུག་རྒྱག་པ་སོགས་ཐབས་ལམ་ཆེན་པོ་དྲུག་གཅིག་སྒྲིལ་བྱས་ཏེ། ཁ་པར་དང་སྟེགས་བུ་གཉིས་མཉམ་གཤིབ་ཀྱི་རྣམ་པ་ཆགས་པར་བྱས་ཡོད། 12315ཁ་པར་གྱི་འབྲེལ་མཐུད་བྱེད་ཚད་95%ལས་བརྒལ་བ། འཛད་སྤྱོད་ཞུ་གཏུག་འདུམ་འགྲིག་བྱེད་ཚད་72%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་17མཐོ་རུ་ཕྱིན་པ་དང་། སྒུལ་བདེའི་མཐའ་སྣེ་ནས་ཞུ་གཏུག་བྱེད་ཚད་33%ལས་བརྒལ་ནས་ཁེ་དབང་སྲུང་སྐྱོབ་བྱེད་པར་སྟབས་བདེ་སྐྲུན་ཡོད། ས་ཁུལ་ཡོངས་སུ་ODRཁེ་ལས་259དྲ་ཐོག་ནས་རྩོད་གཞི་འདུམ་འགྲིག་གིས་འདུམ་འགྲིག་བྱེད་ཚད་87.25%ཟིན་པ་དང་། ཐག་གཅོད་དེས་སྲོལ་རྒྱུན་བྱེད་སྟངས་ལས་དུས་ཡུན་ཉིན་10.25ཐུང་དུ་བཏང་བ་དང་ཞུ་གཏུག་ཆ་འཕྲིན་ཁྲི་2.45ཡོངས་བསྒྲགས་བྱས་ནས་འཛད་སྤྱོད་པའི་ཁེས་དབང་ཤེས་རྟོགས་དང་དབང་ཆར་འགན་ལེན་བྱས་ཡོད།
འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད། བོད་ལྗོངས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་(2025—2027)ལག་བསྟར་ཇུས་གཞི》བཏོན་ནས། ཚན་པ་26དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་བཅོས་སྐྱོང་གི་རྣམ་པ་ཆགས་པར་བྱས་ཡོད། ས་ཁུལ་ཡོངས་ཀྱིས་རྒྱུ་མཚན་མེད་པར་ཕྱིར་སློག་དང་ཁས་ལེན་བརྗེ་ལེན་བྱེད་པའི་ཚོང་ཁང་118གསོ་སྐྱོང་བྱས་ཏེ། 2025ལོར་ཕྱིར་སློག་དངོས་པོ་1774 དང་དངུལ་ཁྲི་41 བདག་སྤྲོད་བྱས་ཡོད། ལྗོངས་ཡོངས་ཀྱི་དྲ་འོག་ཚོང་ཁང་99ཡི་རྒྱུ་མཚན་མེད་པར་ཕྱིར་སློག་གནས་ཚུལ་དེ་འཛད་སྤྱོད་འདྲི་རྩད་སྟེགས་བུའི་ནང་བཅུག་ཡོད།
མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་དམིགས་ནས། 2025ལོ་ཧྲིལ་པོར་བོད་ལྗོངས་ཀྱིས་ཟས་རིགས་བདེ་འཇགས་རིགས་ཀྱི་གྱོད་གཞི་480ཐོ་འགོད་བྱས་ནས་རྩད་ཞིབ་བྱས་པ་དང་། རྫུན་མ་དང་སྤུས་ཞན་གྱི་ཟས་རིགས་སྤྱི་རྒྱ་3316.48གཞུང་བཞེས་བཏང་བ། སློབ་གྲྭའི་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་1485དག་ཐེར་བྱས་པ། ཐོན་རྫས་ཀྱི་སྤུས་ཚད་རིགས་ཀྱི་གྱོད་གཞི་184དང་ཤེས་བྱའི་བདག་དབང་རིགས་ཀྱི་གྱོད་གཞི་49ཐོ་འགོད་བྱས་ནས་གཞུང་བཞེས་བཏང་བའི་རིན་ཐང་སྒོར་ཁྲི་689ཟིན་ཏེ་རྫུན་མ་དང་སྤུས་ཞན་གྱི་ཚོང་ཟོག་གཅིག་སྡུད་ཐོག་མེད་པ་བཟོས་པ་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་བོད་ལྗོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་བརྗོད་དོན། རྗེས་མར་རྩོད་གཞི་ཐག་གཅོད་གཏིང་ཟབ་དང་། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནན་པོ། རྒྱུ་མཚན་མེད་པར་དངོས་ཟོག་ཕྱིར་སློག་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ། སྟེགས་བུའི་དཔལ་འབྱོར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པས་འཛད་སྤྱོད་བྱེད་དུས་བློ་བདེ་བ་དང་ཁེ་དབང་སྲུང་སྐྱོང་བྱེད་པར་དེ་བས་བློ་བདེ་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་བཤད།
བསོད་བསྟན་གྱིས་བསྒྱུར།


