ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཆེད་དོན་ཟུར་ཁྲིད་ཀྱི་སྙན་ཞུ་གནང་ཞིང་། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་གི་གྲུ་གཡོར་མཐོན་པོར་བསྒྲེངས་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆར་མངོན་འགྱུར་བྱེད་པའི་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་པར་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུའུ་ཧྲོའུ་ཁོའོ་ཡིས་གཙོ་སྐྱོང་གནང་བ་དང་ཞ་ཁེ་ཆིན་ཚོགས་འདུར་ཞུགས་པ་རེད།
ལིའུ་ཅང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་འབྱུང་འགྱུར་གསར་གཏོད་ཀྱིས་རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང《གྲོས་འགོའི》དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། རྩ་དོན་གལ་ཆེན། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་རྩ་བའི་འགན་སྲུང་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འབད་འབུངས་ཆེན་པོས་སྐུལ་འདེད་གཏོང་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པས་སྤྱི་ཡོངས་ལ་དམིགས་པའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་པའི་ཞིབ་ཕྲ་ཅན་མངོན་འགྱུར་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།
ལིའུ་ཅང་གིས། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གཙོ་བོ་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཆབ་སྲིད་ཀྱི་ངེས་ཤུགས་དང་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་པ་དང་། “འཛུགས་གཏོད་བཞི”ཟབ་ཏུ་གཏོང་བར་དམིགས་ཏེ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཁྲིམས་བཟང་ལ་བརྟེན་ནས་སྐྱོང་མཁས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་གཏོང་བར་འགན་ལེན་བྱེད་དགོས། སྲིད་ཁྲིམས་ལས་དོན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཡག་པོ་བཟོ་བ་དང་། སྲིད་ཁྲིམས་ཀྱི་སྒྱུར་བཅོས་ཟབ་ཏུ་ཧུར་ཐག་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་ཁྲིམས་ལྟར་སྲུང་སྐྱོང་དང་འགན་སྲུང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པར་སྔར་བས་བདེ་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་དང་། སྔར་བས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག སྔར་བས་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་བཅས་མཐའ་གཅིག་ཏུ་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
དབང་སྒྲོན་སྐྱིད་ཀྱིས་བསྒྱུར།


