ཟླ་11པའི་ཚེས་20ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་2025ལོའི་ལྗང་མདོག་འཛད་སྤྱོད་དང་དཔལ་ཡོན་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་ཤིང་། ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་རྩ་འཛུགས་དང་རིག་གནས་ཡུལ་སྐོར་ལས་རིགས་མཐུན་ཚོགས་ཁག་གི་འཐུས་མི་དང་། དང་བླངས་པ་བཅས་ཁྱོན་མི་གྲངས་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་“རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་བྱས་ཏེ་རྒྱང་རིང་གི་སྙན་ངག་མཉམ་དུ་འབྲི་བའི་”བརྗོད་བྱ་གཙོ་བོར་བྱས་ཡོད་པ་དེའི་དམིགས་ཡུལ་ནི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་རིག་གནས་ཡུལ་སྐོར་ཐོན་ལས་ནང་གཏིང་ཟབ་ཏུ་འདྲེས་པར་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་གཉིས་ཀྱི་ནུས་པ་འདོན་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རིག་གནས་དང་ཡུལ་སྐོར་ཐིང་ཏང་ཙུའུ་ཧྲུའུ་ཅི་ཞའོ་ཁྲོན་ཅང་བྱེད་སྒོར་ཞུགས་པ་དང་འབྲེལ་ཤེས་ཚིག་ཀྱང་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་རིག་གནས་ཡུལ་སྐོར་སྒྲིག་བཀོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་དཔལ་ཡོན་གྱི་མཐོ་ས་ཞིག་ཡིན་པའི་ངོས་ནས་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྣོད་བཅུད་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུ་དང་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྣོད་བཅུད་ཡིན་ཞེས་པའི་ལྟེ་བའི་འདུ་ཤེས་ལ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་གནོན་ཤུགས་དང་དཔལ་ཡོན་བྱ་སྤྱོད་ཚད་ལྡན་གྱི་དགོས་མཁོ་ཡང་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས། ད་ཐེངས་བྱེད་སྒོ་རབ་དང་རིམ་པ་གཉེར་བ་དེ་ནི་སྤྱི་ཚོགས་གོང་བུ་གཅིག་ཏུ་འགྲིལ་ཏེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་མཉམ་སྤེལ་བྱེད་པའི་སྲ་བརྟན་གྱི་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུ་དེ་ཡིན།
འགོ་ཚུགས་མཛད་སྒོའི་ཐོག་གླུ་གཞས་《སྤྲིན་རུམ་གྱི་སྔོ་གླིང་》ཞེས་པ་དབྱངས་འགྲོས་ཀྱི་ཐོག་ནས་ས་མཐོའི་དྭངས་གཙང་གི་མཛེས་སྡུག་ལ་འགྲེལ་བཤད་བྱས་པ་དང་། ཞབས་བྲོ་ཚོགས་པས་《ཁྲུང་ཁྲུང་གི་རྣམ་ཤེས་》ཞེས་པ་འཁྲབ་སྟོན་གྱི་ཐོག་ནས་ས་ཆ་དེར་དགའ་ཞེན་ཆེན་པོ་ཡོད་པ་བརྒྱུད་སྤྲོད་དང་། བརྗོད་དོན་གཙོ་བོའི་གསར་གཏོད་གློག་བརྙན་ཐུང་ངུ་《ང་ཚོའི་གདམ་ག་》དང་བོད་ཀྱི་བརྗོད་དོན་གཙོ་བོའི་མའོ་མའོ་གློག་བརྙན་ཐུང་ངུ་དུས་མཉམ་དུ་འགྲེམས་སྟོན་བྱས་པ་དེས་མི་དཀྱུས་མའི་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་བརྒྱུད་དེ་ལྟད་མོ་བའི་མཉམ་གྲགས་ཆེན་པོ་བྱུང་། “མཛེས་སྡུག་སྤྱི་ཆིངས”ཀྱི་གྲོས་འགོ་འདོན་མཁན་ཧྲི་ཉིང་གིས་ཡུལ་སྐོར་བ་ཁྲི་བཅུ་ཕྲག་ཁ་ཤས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐུལ་ཁྲིད་ནང་ཞུགས་པའི་སྤྱི་ཕན་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མཁན་ཉི་མ་ཚེ་རིང་གིས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་སྣེ་ཁྲིད་གནང་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས“ཤུལ་མེད་པའི་ཡུལ་སྐོར་”ལག་ལེན་བྱེད་མཁན་དང་“འབྱུང་འཕྲོད་འཛད་སྤྱོད་”སྐུལ་སྤེལ་བྱེད་མཁན། “དཔལ་ཡོན་གྱི་འདུ་ཤེས་”ཁྱབ་སྤེལ་བྱེད་མཁན་བཅས་བྱེད་དགོས་པའི་རེ་འབོད་གནང་བ་རེད།
བསོད་བསྟན་གྱིས་བསྒྱུར།


