མི་ཚེ་ནི་སྐད་ཅིག་གིས་བཞུད། སྐད་ཅིག་མར་རྫོགས། མཚམས་རེར་བགྲོད་ལམ་ཐོག་གི་ང་རང་ང་རང་ཡིན་ལ། ང་རང་ང་རང་ཡང་མ་ཡིན་པར་བསམས། བོར་ཟིན་པའི་ང་རང་། ཡང་སྙིང་རང་གི་ཐོབ་ཆ་ཡིན་ནམ་གྱོང་གུན་ཡིན། རྒྱལ་ཁ་ཡིན་ནམ་ཕམ་ཁ་ཡིན། སླར་ཡང་མཇལ་ཡོང་ངམ་ཡང་ན་ནམ་ཡང་བྲལ་འགྲོ།
བོར་ཟིན་པའི་ང་རང་། དྭངས་གཙང་ལྷད་མེད་ཀྱི་བྱིས་པ། སེམས་ལ་ཁུར་པོ་མེད་པའི་བུ་ཕྲུག འཛུམ་གྱིས་ཁེངས་པའི་མ་ལོ། རང་སེམས་སུ་བྱིས་ཆུང་ལྟ་བུའི་འཇིག་རྟེན་ན་རྩེད་འཇོ་ལ་རོལ་བའི་ང་རང་། སྐབས་དེ་དུས་ཁྱོད་ཀྱི་བསམ་པར་ནམ་ཡང་འདི་ལྟ་བུའི་འཇིག་རྟེན་ཁམས་དང་འཐམ་འཁྱུད་བྱེད་པར་འདོད་པ་ལས། རང་ཉིད་ན་སོ་རྒས་ལ། འཇིག་རྟེན་ཡང་དེ་ལྟར་འགྱུར་སྲིད་པ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་།
བྱིས་དུས་ཀྱི་ཁྱོད། དྭངས་ཤིང་གཙང་ལ། ལྷད་ཅིག་མེད། དགའ་ཞིང་སྤྲོ་ལ། བརྩེ་བས་འཚོ། ངས་དགའ་བ་སྒོམ་བཞིན་ཧ་ཅང་དྲན། བོར་ཟིན་པའི་ངས་མཚམས་རེར་ཁྱོད་དྲན་སྐབས། ད་ལྟའི་ང་རང་ཕམ་པ་ཤེས། ད་ཆའི་ངས་འཚར་ལོངས་ཀྱི་སྙིང་པོ་མི་རྟོགས། སང་ཉིན་ཇི་ལྟར་བྱེད་དགོས་མིན་ཡང་མི་ཤེས། རབ་རིབ་ཀྱི་ལོ་ཟླ། རབ་རིབ་ཀྱི་འཚོ་སྐབས་ནམ་ཞིག་ལ་ང་རང་བོར་བ་གཏན་ནས་མ་ཚོར།
བོར་ཟིན་པའི་ང་རང་། གོ་སྐབས་ལ་གཅེས་འཛིན་མི་བྱེད་པའི་སློབ་མ། ངོ་སོ་དང་གཏམ་འདོད་སྤངས་མ་ཐུབ་པའི་བུ་མོ། བློ་རྒྱ་དང་བརྩོན་སེམས་ཆུང་བའི་གཞོན་ནུ། ཅི་འདྲའི་ཐབས་སྐྱོ་ལ། ཡིད་ལྷག་པར་བསུན། ངས་ཁྱེད་ལ་སྙིང་ཤིན་ཏུ་རྗེ། ཡིད་སེམས་ཀྱང་སྐྱོ། ཐོབ་ཤོར་གྱི་མདུན་ན་ང་རང་ཧ་ཅང་ཕམ་པ་ཤེས།
ཡིན་ནའང་། དུས་ད་ལྟའི་ངས། འཚར་ལོངས་ཀྱི་སྙིང་པོ་རྟོགས། མ་འོངས་ཀྱི་ལམ་བུ་མཐོང་། འདས་སོང་གི་འཚོ་བར་རྒྱང་བལྟ་བྱེད་བཞིན། གསར་སྐྱེས་ཀྱི་ང་རང་ལ་རིག གསར་སྐྱེས་ཀྱི་ང་རང་ལ་ལྟ་བཞིན་བོར་ཟིན་པའི་ང་རང་ལ་རྒྱང་བལྟ་ཞིག་ཀྱང་བྱས།
བོར་ཟིན་པའི་ང་རང་། མཐའ་མར་ང་རང་ཁྱེད་ལ་སྐད་ཆ་གཅིག་བརྗོད་འདོད། ཁྱེད་ལ་བརྗོད་འདོད་ཀྱི་སྙིང་གཏམ་གྱི་སྐད་ཆ་དེ། འོད་ལམ་ལམ་གྱི་མུ་ཏིག་གི་སྙན་ཤལ་བཞིན་དུ། བདག་གི་སེམས་ཀྱི་སྒྲོམ་བུར་ཡུན་རིང་ཉར། དེ་ནི། བློ་མ་ཕམ། ཞེ་མ་རུལ། ནམ་ཡང་མིག་ཟུང་མདུན་ཕྱོགས་སུ་བལྟས་ནས་རེམས་ཤིག ཅེས་པའི་སྙིང་དམར་པོའི་གཏམ་དེ་ཁོ་ནའོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།


