ས་བབ་སྨི་4500ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁྲོམ་གཞུང་གི་ཁོར་ཡུག་དངོས་དངོས་རྗེན་རྗེན་གྱིས་ཡག་ཏུ་ཕྱིན་ཡོད་པ་སྟེ། འབར་འབུར་མེད་པ་མ་ཟད། ཐ་མག་གི་ཕྲུག་ལྷག་ཀྱང་མཐོང་རྒྱུ་མེད་པར“བཙོག་ཟིང་ཞན་གསུམ”གྱི་རྣམ་པར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་བས་ཀྱང་གླེང་རིན་ཡོད་པ་ཞིག་ནི་དེ་གོང་ནང་ཁུལ་དུ་མ་གཏོགས་སྤྱོད་མི་ཆོག་པའི་ལས་ཁུངས་ཀྱི་སྒོ་རའི་རླངས་འཁོར་འཇོག་ས་དག་ད་ཆ་གྲོང་མི་ཚོར་སྒོ་ཕྱེ་སྟེ་བཅོས་སྒྲིག་ཁྲོད་ཀྱི་བརྩེ་བ་མཚོན་བྱེད་ཅིག་ཏུ་གྱུར་ཡོད། འདི་ལྟ་བུའི་བལྟས་པ་ཙམ་གྱིས་ཆེན་པོ་མེད་ཀྱང་དངོས་སུ་ཚོར་ཐུབ་ཅིང་རྟོགས་ཐུབ་པའི་འགྱུར་ལྡོག་དག་ནི་ས་གནས་དེ་གར་ལོ་གསུམ་བསྟུད་མར་བཅོས་སྒྲིག་བྱས་པའི་འབྲས་བུ་དངོས་རེད།
ཞིབ་ཕྲའི་འགྱུར་ལྡོག་དེ་དག་ནི་ཁུངས་མེད་དུ་བྱུང་བ་ཞིག་མ་ཡིན་ཞིང་། དེ་ནག་ཆུ་གྲོང་ཁྱེར་དང་གསེར་རྙེད་ཆུས་འགོ་ཁྲིད་ལས་བྱེད་པས་ལས་ཀ་སྒྲུབ་སྟངས་འགྱུར་ལྡོག་བཏང་བ་ལས་བྱུང་བ་ཞིག་རེད། ཁོང་ཚོས་གཞི་རིམ་དང་ཐད་ཀར་འབྲེལ་གཏུག་བྱེད་པའི་ལས་དོན་ཚོགས་པ་བཙུགས་ཤིང་། ཁྲོམ་གཞུང་ཉམས་གསོ་དང་རླངས་འཁོར་འཇོག་ས་འཆར་འགོད་བྱས་ནས་བརྟན་པོ་མེད་པའི་ལམ་སྐྱོར་དང་། ཆག་གྲུམ་ཤོར་བའི་ཁྲོན་པའི་ཁ་གཅོད། ཐ་ན་ལམ་འགྲམ་དུ་གཡུག་པའི་ཐ་མག་གི་ཕྲུག་ལྷག་སོགས་ཀྱི་གནད་དོན་ཆེ་ཆུང་གང་ཞིག་ཡིན་རུང་ཚང་མས་ཚོགས་པའི་ནང་ཆ་འཕྲིན་ནམ་ཡང་ན་པར་རིས་བསྐུར་ཚེ་དེ་འཕྲལ་ཆེད་བསྐོས་མི་སྣས་ཐག་གཅོད་བྱས་ཏེ། “བསམ་འཆར་འདོན་པ་དང་། བཅོས་སྒྲིག་བྱེད་པ། དེ་ནས་ལན་འདེབས་པའི”དོ་དམ་བྱེད་སྟངས་མངོན་འགྱུར་བྱུང་ཡོད། འདི་ལྟ་བུའི་རྒྱུན་རྣམ་ཅན་གྱི་ལས་ཀ་ལས་གྲོང་ཁྱེར་གྱི་དོ་དམ་དེ་ཐེར་འདོན་དང་ལེན་བྱེད་པ་ནས་རང་རྟོགས་ཀྱིས་ཤེས་རྟོགས་བྱེད་པའི་བར་འགྱུར་ལྡོག་བྱུང་སྟེ་གྲོང་ཁྱེར་གྱི་གནད་དོན་ཆེ་མ་ཆུང་གསུམ་རིམ་བཞིན་སེལ་བཞིན་ཡོད།
གསར་འགོད་པས་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་ཤེས་རྟོགས་བྱུང་བ་སྟེ། ཁྲོམ་གཞུང་དང་སྲང་ལམ་གྱི་གློག་སྒྲོན་མང་དུ་ཕྱིན་ཞིང་གཞུང་ལམ་གཙོ་ཕལ་ཚང་མར་ཁོར་ཡུག་གཙང་སྦྲ་བས་དུས་དང་རྣམ་པ་ཀུན་ཏུ་གཙང་སྦྲ་བྱེད་བཞིན་ཡོད་པ་མ་ཟད། མི་ཚང་མ་དང་འབྲེལ་བ་ཡོད་པའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཡང་ཐག་གཅོད་ཐུབ་ནས་ལས་ཁུངས་ཀྱི་སྒོ་ར་དང་གནས་སྐབས་ཀྱི་རླངས་འཁོར་འཇོག་ཡུལ་དུ་རླངས་འཁོར་རིན་མེད་ངང་འཇོག་ཆོག་ལ་རླངས་འཁོར་བཞག་གླ་ཡང་ཕྱོགས་ཡོངས་ནས་དམའ་རུ་ཕྱིན་ཡོད་པ་དང་། རིག་ལྡན་གྱི་པར་རྒྱག་མ་ལག་165ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུ་དང་བསྟུན་ནས་རིག་ལྡན་གྱི་རླངས་འཁོར་འཇོག་སའི་ལས་སྟེགས་ཀྱང་གང་མགྱོགས་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་མཚོན་ན་གསེར་རྙེད་ཆུས་ཀྱི་གྲལ་འགྲིག་པའི་ཁྲོམ་གཞུང་དང་གཙང་སྦྲ་དོད་པའི་ཁོར་ཡུག་ལས་བརྩེ་སེམས་དང་དྲོ་སྐྱིད་ངང་གིས་ཚོར་ཐུབ།
དབང་སྒྲོན་སྐྱིད་ཀྱིས་བསྒྱུར།


