西藏青年报藏文版གལ་ཆེའི་གསར་འགྱུར། འགྲིམ་འགྲུལ་ཕྱོགས་བཞིར་ཤར་གཏོང་ཐུབ། འཚོ་བ་དེ་བས་མཛེས་སྡུག་ལྡན། ལང་ཚོའི་ཕུགས་འདུན་མཛེས། གྲུབ་འབྲས་གསར་པ་ངོམ།

放大 缩小 默认

འགྲིམ་འགྲུལ་ཕྱོགས་བཞིར་ཤར་གཏོང་ཐུབ། འཚོ་བ་དེ་བས་མཛེས་སྡུག་ལྡན།

འགྲིམ་འགྲུལ་རིམ་འཕར་ལས་ལྷོ་ཁའི་དམངས་འཚོའི་འགྱུར་ལྡོག་ལ་ལྟ་བ།

རྟ་དྲེལ་གྱི་འཕྲང་ལམ་ནས་ཐོགས་མེད་ཤར་བགྲོད་གཞུང་ལམ་བར་དང་། གཞུང་ལམ་གཙོ་བོ་ནས་ཕྱོགས་བསྡུས་བདེ་ལམ་བར། བསྐུར་མ་འབྱོར་དཀའ་བ་ནས་ཟོག་འགྲེམས་ཤར་བགྲོད་བར་བཅས་སྔོན་ཆད་འགྲུལ་བཞུད་དཀའ་བ་ནས་ཕྱོགས་བསྡུས་ལམ་དྲར་སྣུར་སྲིང་བྱས་ཡོད། ད་ལྟའི་ལྷོ་ཁས་ཤར་བགྲོད་ཐུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དང་ཟོག་འགྲེམས་དྲ་རྒྱར་བརྟེན་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དང་འབྲེལ་མཐུད་ཐུབ་པ་མ་ཟད། མི་དམངས་ཀྱི་འཚོ་བར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

ལམ་དྲ་རིམ་འཕར།

ས་མཐོའི་འགྲིམ་འགྲུལ་གྱི་འཕོ་འགྱུར།

གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ནས་ཡིན་པའི་་དངོས་གྲུབ་ཀྱིས“སྔོན་ཆད་ལྷ་སར་འགྲོ་སྐབས་ནམ་མ་ལངས་གོང་ནས་རླངས་འཁོར་སྒུག་དགོས་པ་དང་སྐབས་རེ་ཉིན་གང་འགོར་གྱི་ཡོད། ད་ཆ་མྱུར་བགྲོད་གཞུང་ལམ་S5ལ་སོང་ན་ཆུ་ཚོད་གཅིག་ལ་ལྷ་སར་འབྱོར་གྱི་འདུག”ཅེས་བཤད་པ་དང་། ཁོང་གིས་ངོ་ཤེས་འཕྲད་ཚད་ལ་རང་ཉིད་ད་ཆ་ལྷ་སའི་གྲོང་འདབས་ཀྱི་ཡུལ་མི་ཡིན་ཞེས་ཀུ་རེའི་ཚུལ་དུ་བརྗོད་ཀྱི་ཡོད། 2024ལོའི་ལོ་མཇུག་ཏུ། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་S5དེ་རྒོད་དཀར་ལ་བརྒྱུད་སྤྱི་ལེ་12.8ཡོད་པའི་ཕུག་ལམ་ཏལ་འབིགས་བྱས་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། ལྷ་ས་ནས་ལྷོ་ཁ་བར་གྱི་ལམ་ཐག་ཆུ་ཚོད་2ནས་1བར་ཐུང་དུ་བཏང་ཡོད།

དངོས་གྲུབ་ཀྱིས“མེ་འཁོར་ལ་བསྡད་ནའང་མགྱོགས་པོ་འདུག ལྷ་ཉིང་ལྕགས་ལམ་ནས་ཆུ་ཚོད་གཉིས་ལྷག་ཙམ་ནང་ཉིང་ཁྲིར་འབྱོར་གྱི་འདུག མི་རིང་བའི་གོང་ང་མེ་འཁོར་ལ་བསྡད་ནས་ཉིང་ཁྲིར་བུ་མོ་གཞོན་པའི་ཁྱིམ་དུ་ཉིན་འགའ་ལྷོད་ལྷོད་བསྡད་པ་ཡིན”ཞེས་བཤད།

2025ལོའི་བོད་ཀྱི་ལོ་གསར་ལ། ལྷུན་རྩེ་གནམ་ཐང་དུ་གཙང་གླས་གནམ་གྲུར་བསྡད་ནས་བོད་དུ་ཡོང་བའི་ཡུལ་སྐོར་བ་ཁག་དང་པོ་འབྱོར་ཞིང་། ཁོང་ཚོས་ཡུལ་སྨད་དང་ཙ་རི་སོགས་དེ་སྔ་ས་ཐག་རིང་བའི་ཤང་དང་གྲོང་རྡལ་དུ་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་དགུ་ཐུག་བཏུངས་པ་དང་སྒོར་གཞས་འཁྲབ་རྗེས། སླར་ཡང་G219བརྒྱུད་ཉིང་ཁྲིའི་བྲག་གསུམ་མཚོར་སྤྲོ་འཆམ་ལ་བསྐྱོད་པ་དང་། དེ་ནས་ལྷ་ཉིང་ལྕགས་ལམ་བརྒྱུད་ལྷ་སར་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱས་མཐར། གོང་དཀར་གནམ་ཐང་ནས་ཁྲེང་ཏུའུ་ལ་ལོག་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱི་སྤྱི་ལེ་ངོས་གྲུ་ཁྲི་7.909ཟིན་པའི་ས་གཞིར་ལྕགས་ལམ་དང་གཞུང་ལམ་གྱི་ཕྱོགས་བསྡུས་ལམ་དྲ་ཞིག་ཆགས་ནས་མ་ལམ་དང་ཡན་ལག་ལམ་ཕན་ཚུན་གཅིག་རམ་གཅིག་འདེགས་བྱེད་བཞིན་ཡོད། དེ་དག་ནི་ཤར་བགྲོད་ཀྱི་ལམ་བུ་ཙམ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་བདེ་སྐྱིད་ཀྱི་ལམ་བུ་དེ་བས་རེད།

རང་སྐྱོང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་གྱི་གཙོ་གནད་ས་ཁོངས་ཡིན་པའི་ངོས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་90ལྷག་ཙམ་བཏང་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4000ཙམ་གསར་དུ་སྒྱུར་བཀོད་བསྐྱར་སྐྲུན་བྱས་པ་དང་། གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་བསྡོམས་འབོར་སྤྱི་ལེ་5261ནས་སྤྱི་ལེ་6864བར་རིང་དུ་ཕྱིན་ཡོད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ལྷ་ས་དང་ལྷོ་ཁ་བརྒྱུད་བོད་ཀྱི་ཤར་ལྷོའི་རྒྱུད་དང་སྦྲེལ་མཐུད་བྱེད་པའི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོར་གྱུར་ཡོད། 2024ལོར་ལྷོ་ཁའི་ས་ཁོངས་ཀྱི་ས་ཚུགས་བརྒྱུད་སྐྱེལ་འདྲེན་བྱས་པའི་དངོས་ཟོག་ཏུན་ཁྲི་1.2ཟིན་པ་ལས་སྣེ་གདོང་གི་བོད་བྱའི་སྒོ་ང་སོགས་ཞིང་ཞོར་ཁྱད་ལྡན་ཐོན་ཟོག་གིས་བསྡུར་ཚད་བཅུ་ཆ་དྲུག་ལྷག་ཙམ་བཟུང་ཡོད།

སྤྱི་སྤྱོད་རླངས་འཁོར་གྲོང་ཚོར་བསྐྱོད་པ།

སྒོ་རྩ་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག་ཆོག

ལྷུན་རྩེ་རྫོང་རི་ཐང་གྲོང་ཚོའི་ཨ་ཁུ་བསམ་གྲུབ་ཀྱིས་སྤྱི་སྤྱོད་རླངས་འཁོར་གྱི་བྱང་བུ་བཟུང་ནས་འཛུམ་དམུལ་དམུལ་ངང“དེ་སྔ་ལམ་འཁེལ་རླངས་འཁོར་སྒུག་དུས་སྐབས་འཁེལ་བའི་ངེས་པ་མེད། ད་ལྟ་སྤྱི་སྤྱོད་རླངས་འཁོར་ཐད་ཀར་གྲོང་ཚོའི་མདོ་བར་ཡོད། རྩེད་ཐང་དུ་མེ་འཁོར་སྒུག་པར་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད། ན་ནིང་ལྷུན་རྩེ་རྫོང་དུ་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་གི་སྔོན་ལ་ནུས་གསར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་བྱས་པར་དུས་གཏན་རླངས་འཁོར་17གྲོང་རྡལ་5དང་ཤང་9ལ་གཏོང་གི་ཡོད་པ་དང་འདི་ལོ་ཚུན་དུ་ཐེངས་7800བསྐྱོད་ནས་མི་ཐེངས་ཁྲི་7ཙམ་སྐྱེལ་འདྲེན་བྱས་པ་དང་། ཤང་དང་གྲོང་རྡལ་དུ་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་སྒྲིག་ཚུད་གྲོང་ཚོར་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཚད་95%ཟིན་ཡོད་པ་རེད།

འདི་ལྟ་བུའི་སྟབས་བདེ་ལྷོ་ཁར་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྣེ་གདོང་དང་རྒྱ་ཚ་རྫོང་གིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་དེ་དག་སྤྱི་སྤྱོད་རླངས་འཁོར་ཅན་དུ་བསྒྱུར་ཏེ་ཤང་དང་གྲོང་རྡལ་12ཀྱི་གྲོང་ཚོ་82ཀྱི་གྲོང་མི་ཕྱོགས་ལ་ཐོན་སྐབས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག་ཆོག་ཡོད་པ་རེད། མཚོ་སྨད་རྫོང་འགྲུལ་སྐྱེལ་འབབ་ཚུགས་སུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཉིན་ལྟར་ཆུ་ཚོད་10པ་ཏག་ཏག་ལ་རྩེད་ཐང་དུ་བསྐྱོད་པའི་རླངས་འཁོར་དུས་ཐོག་ཏུ་གཏོང་བ་དང་། ཁ་ལོ་བ་ཉི་མ་ཚེ་རིང་གིས“དེ་སྔོན་ཆུ་ཚོད་ལྔ་ཡི་ལམ་ཐག་ལ་ད་ཆ་ཆུ་ཚོད་གཉིས་དང་ཕྱེད་ཀ་ལས་འགོར་གྱི་མི་འདུག རླངས་འཁོར་ཐོག་ད་དུང་དངོས་ཟོག་བླུགས་ཆོག་གི་ཡོད”ཅེས་བློ་ཡིད་ཚིམ་པོས་བཤད།

མཐའ་མཚམས་མང་ཚོགས་ཀྱི་དམིགས་བསལ་དགོས་མཁོ་ཡང་བརྗེད་མེད་དེ། ལྷུན་རྩེ་རྫོང་གི་གྲོང་སྡོད་འགན་སྲུང་རླངས་འཁོར་14ཤང་དང་གྲོང་རྡལ་ཚང་མར་བསྐྱོད་དེ་ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམ་རྩིས་བརྒྱབ་ན་སྤྱི་ལེ་ཁྲི་20ལྷག་ཙམ་བསྐྱོད་པ་དང་གྲོང་སྡོད་ལས་བྱེད་པ་མི་ཐེངས་8895བསུ་སྐྱེལ་བྱས་པ་རེད། འགྲུལ་སྐྱེལ་འབབ་ཚུགས་ཀྱི་ཞབས་ཞུ་དེ་བས་སྙིང་ཉེ་རུ་སོང་ཞིང་། ལྷུན་རྩེ་རྫོང་གིས་ད་དུང་མ་དངུལ་སྒོར་ཁྲི་100བཏང་ནས་འབབ་ཚུགས་རིམ་སྤོར་བྱས་ཏེ་མ་བུ་ཁང་བསྐྲུན་པ་མ་ཟད། ད་དུང་བོད་ལྗོངས་སྤ་སེའི་ལས་དོན་ཀུན་ཤེས་APPབརྒྱུད་ནས་སྤ་སེ་ཉོ་ཐུབ་ཀྱི་ཡོད། སྣེ་གདོང་ཆུས་ཀྱི་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་སུ་སྤ་སེ་འཚོང་བ་དང་བདེ་བཤེར་སོགས་ལས་གནས་སུ་སློབ་ཆེན་སློབ་མ་44དང་ས་གནས་དེ་གའི་དབུལ་སྒྲོལ་དུད་ཚང་ལས་ཞུགས་ཐུབ་ནས་ཡོང་འབབ་བརྟན་པོ་བྱུང་ཡོད།

ཟོག་འགྲེམས་ཤར་བགྲོད།

བོད་ཀྱི་ཡུལ་ཟོག་ཕྱིར་ཚོང་མྱུར་བ།

“སྔ་དྲོ་བསྐུར་བའི་དབྱར་རྩྭ་དགུན་འབུ་ཕྱི་དྲོ་ཀོང་ཏུང་དུ་འབྱོར་གྱི་ཡོད། གྲང་ཕྲེང་མེ་འཁོར་གཟའ་འཁོར་གཅིག་ཀྱང་མ་འགོར་བར་འབྱོར་བ་དེ་སྔོན་ཆད་ལས་ལྡབ་གཅིག་གིས་མགྱོགས་པ་ཡོད”ཅེས་རྒྱ་ཚ་རྫོང་ལྷ་གསོལ་ཤང་རྒྱུན་འགྲུལ་པ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་མིས་ལག་ཐོགས་ཁ་པར་ནས་ཐད་གཏོང་བྱེད་བཞིན་བརྗོད་ཅིང་། གྲོང་ཚོའི་སྦྲག་སྐྱེལ་ས་ཚིགས་སུ་བསྐུར་མས་ཁེངས་ཡོད་པ་རེད།

ད་ཆ་ལྷོ་ཁའི་སྲིད་འཛིན་གྲོང་ཚོ་577ཚང་མར་མྱུར་སྐྱེལ་ཤར་གཏོང་ཐུབ་ནས་ལོ་གཅིག་གི་གོང་ནས་ལོ་གསུམ་གྱི་བྱ་སྤྱོད་དམིགས་ཚད་ལེགས་གྲུབ་ཟིན་པ་དང་འདི་ལོ་ཚུན་ཁོ་ནར་གྲོང་ཚོར་མྱུར་སྐྱེལ་བསྐུར་མ་ཁྲི་295.87ཟིན་པ་དེ་ན་ནིང་ལས་ལྡབ་གཅིག་ལྷག་ཙམ་འཕར་ཡོད་པ་རེད།

ལྕགས་ལམ་ཟོག་འགྲེམས་དར་རྒྱས་བྱུང་བ་དེས་ཀྱང་བོད་ཀྱི་ཡུལ་ཟོག་ཕྱིར་གཏོང་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྷ་སའི་ནུབ་ཚུགས་ནས་ཤིས་ཨན་བར་གྱི་མྱུར་བགྲོད་གྲོང་སྦྲེལ་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་རྗེས། ལྷོ་ཁའི་ཞིང་ཟོག་སྐྱེལ་འདྲེན་གྱི་དུས་ཕྱོད་གཟའ་འཁོར་གཅིག་ནས་ཉིན་གསུམ་བར་ཐུང་དུ་ཕྱིན་ཏེ་སྐྱེལ་འདྲེན་གྱི་མ་གནས་བཅུ་ཆ་གསུམ་ཙམ་ཆག་ཡོད། ན་ནིང་ཁོ་ནར་ཆ་མཚོན་ན། ལྷ་ཉིང་ལྕགས་ལམ་ཉིང་ཁྲི་འབབ་ཚུགས་ནས་དབོར་བའི་ལྷོ་ཁའི་ཞིང་ཟོག་ཏུན་6800ཟིན་པ་ལས་སྣེ་གདོང་གི་བོད་བྱའི་སྒོ་ང་དེ་ལྕགས་ལམ་གྲང་ཕྲེང་དྲ་བ་བརྒྱུད་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་དུ་ཐད་ཀར་འབྱོར་གྱི་ཡོད་པས་སྲོལ་རྒྱུན་སྐྱེལ་འདྲེན་ལས་རིན་གོང་20%འཕར་ཡོད་པ་རེད།

དམའ་དབྱིངས་དཔལ་འབྱོར་གྱིས་ཀྱང་ཟོག་འགྲེམས་ལ་སྒུལ་ནུས་གསར་པ་བསྣན་ཡོད། མཚོ་སྣ་གྲོང་ཁྱེར་མཁར་ལྟག་ཤང་གི་བར་སྣང་མི་མེད་གནམ་གྲུའི་ཟོག་འགྲེམས་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་འདབས་སྒྲོལ་བའི་མཁའ་ལམ་དེས་སྤྱི་ལེ་30ཡོད་པའི་སྐམ་ལམ་འགྲུལ་བཞུད་དུས་ཚོད་སྐར་མ་55ནས་སྐར་མ་15བར་ཐུང་དུ་བཏང་ཡོད། སྣེ་གདོང་ཆུས་ཀྱི“ཐོན་གྲོང་གཞི་གཅིག་དཔེ་སྟོན་གླིང”གི་ཚོད་འཕུར་ར་བར་ས་མཐོ་ཡང་མཐོའི་ཁོར་ཡུག་ལ་འཕྲོད་པའི་མི་མེད་གནམ་གྲུའི་གཤིས་ནུས་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། དེའི་ནང་བསྒར་བའི་བྱང་སྐར་སྤུན་བདུན་ངེས་གནས་མ་ལག་གིས་ལྷགས་པ་ཆེན་པོ་དང་ས་སྡུད་ཤུགས་ཆེན་སོགས་ཀྱི་ཁོར་ཡུག་ངན་པ་ཁྱད་བསད་ཐུབ་ནས་ས་བབ་སྨི་6000ཡན་དུ་འཕུར་སྐྱོད་གནད་སྨིན་ཐུབ་སྟེ་མཐའ་མཚམས་གྲོང་ཚོའི་སྦྲག་བསྐུར་དང་མྱུར་སྐྱེལ་གང་མགྱོགས་འབྱོར་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

མཁའ་འགྲུལ་ཟོག་འགྲེམས་བགྲོད་ལམ་ལ་དེ་བས་ཚད་བརྒལ་བྱུང་ཞིང་། 2015ལོའི་ཟླ་7ཚེས་10ཉིན་ཧྲུན་ཧྥུང་ཟོག་རྐྱང་གནམ་གྲུ་ཞིག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་ཧུའུ་པེ་ཨོ་ཀྲོའུ་རུ་འཕུར་བ་ལས་བོད་ཀྱི་ཟོག་རྐྱང་གནམ་གྲུ་ཐོག་མའི་དུས་བཀག་མཁའ་ལམ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད། པོ་དབྱིན་757—200ཡི་ཟོག་རྐྱང་གནམ་གྲུ་དེ་གཟའ་འཁོར་རེར་ཐེངས་རེ་འཕུར་གྱི་ཡོད་པ་དང་། དངོས་ཟོག་ཏུན་30ལྷག་ཙམ་བླུགས་ཐུབ་ཀྱི་ཡོད། འཕྱོངས་རྒྱས་རྫོང་གི་ཀྲོ་མ་ཀྲུ་ཆུང་ཆུང་དང་སྣེ་གདོང་གི་བོད་བྱའི་སྒོ་ང་སོགས་ཞིང་ཞོར་ཁྱད་ལྡན་ཐོན་ཟོག་དབོར་བའི་དུས་ཕྱོད་དེ་སྲོལ་རྒྱུན་གྱི་སྐམ་སར་སྐྱེལ་འདྲེན་ཉིན་7ནས་10བར་འགོར་བ་ནས་ཉིན་2ནས་4བར་ཐུང་དུ་བཏང་སྟེ་ལས་ཕྱོད་50%ལྷག་ཙམ་ཆེ་རུ་ཕྱིན་ཡོད་པ་རེད།

ཨེ་ཀྲོའུ་ཧྭ་ཧུའུ་གནམ་ཐང་གི་ལྟེ་བའི་ཁྱབ་འགྱེད་ནུས་པར་བརྟེན་ནས་གངས་ལྗོངས་ཀྱི་རྩ་ཆེའི་ཐོན་རྫས་དེ་དག་ཧྲུན་ཧྥུང་དྲ་རྒྱ་བརྒྱུད་རྒྱལ་ནང་གི་ཁྲོམ་རར་འཕྲལ་མར་འབྱོར་གྱི་ཡོད།

དགའ་བ་སྐྱེ་འོས་པ་ཞིག་ནི་ལྷོ་ཁའི་ཡུལ་ཟོག་ད་དུང་ཕྱིའི་རྒྱལ་ཁབ་ལ་འཚོང་གི་ཡོད། འདི་ལོའི་ལོ་འགོར་གོང་དཀར་རྫོང་གི་སྡོང་ཐུང་ཀུ་ཤུ་ཏུན་15ནེ་པ་ལར་བཙོངས་པ་ནི་ལྷོ་ཁའི་ཀུ་ཤུ་ཕྱིར་གཏོང་བྱེད་ཐེངས་དང་པོ་ཡིན་ཞིང་། ལྗོངས་ཡོངས་ཀྱི་ཤར་བགྲོད་ལམ་དྲ་དང་། ཟོག་འདྲེན་མཁའ་ལམ། ལྕགས་ལམ་བཅས་ལ་བརྟེན་ནས་ད་ཆ་ཀུ་ཤུ་དེ་ཚོ་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཕྱིར་ཚོང་ཐུབ་པ་མ་ཟད། ད་དུང་ཨེ་ཤེ་ཡ་ལྷོ་མའི་གསོལ་ལྕོག་ཐོག་ཏུའང་མཐོང་རྒྱུ་ཡོད་པ་རེད།

ཚེ་བརྟན་སྒྲོལ་དཀར་དང་པ་ཕན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明