西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བག་ཆགས་ཟབ་པའི་དུས་ཚོད་ཅིག ༄༅། །དྲན་ཤེས་ཀྱི་ཟུར་གཅིག ༄༅། །ངའི་ཨ་མ་ལགས། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་སློབ་གྲྭའི་ཕྱི་རོལ་གྱི་ལག་ལེན་སློབ་གསོའི་གྲུབ་འབྲས་སྙ

放大 缩小 默认

༄༅། །བག་ཆགས་ཟབ་པའི་དུས་ཚོད་ཅིག

□ 作者 ཚེ་རིང་དབྱངས་སྐྱིད།

ང་ཚོ་ལོ་རིམ་བརྒྱད་པའི་སློབ་མཇུག་བསྒྲིལ་ནས་ཡིག་ཚད་བཏང་ཚར་རྗེས། སློབ་གྲྭས་ང་ཚོའི་ལོ་རིམ་གཅིག་པུར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ། དེ་ནི་ལོ་རིམ་གཅིག་པའི་འཛིན་གྲྭ་དང་ལྷན་དུ་རུ་ཁག་གཅིག་བཟོས་ཏེ་འགྲན་ཞུགས་བྱེད་རྒྱུ་རེད་འདུག་པས། ང་ཚོའི་འཛིན་གྲྭ་སྤོ་ལོར་དགའ་ཞེན་ཡོད་པའི་ཐོག་སྤོ་ལོ་ལ་མཁས་པའི་སློབ་མ་ཁྱུ་ཅིག་དངོས་སུ་སྤོ་ལོའི་རུ་ཁག་ཏུ་ཞུགས། འགྲན་བསྡུར་སྤེལ་ཡུན་ནི་ཉིན་བཞི་ཡིན་པ་དང་། རྒྱལ་ཕམ་ཐག་ཆོད་མ་ཐུབ་གོང་རུ་ཁག་སོ་སོ་འགྲན་ཐེངས་བཞི་རེ་ལ་ཞུགས་དགོས།

ཉིན་དང་པོ་དེར་ང་ཚོའི་འཛིན་གྲྭ་དང་མཉམ་དུ་འགྲན་བསྡུར་བྱེད་མཁན་ནི་འཛིན་གྲྭ་བཅུ་བདུན་དང་བཅོ་བརྒྱད་ཡིན། བྱེད་སྒོ་འགོ་བཙུགས་མ་ཐག་ང་ཚོའི་འཛིན་གྲྭའི་བུ་མོ་དང་ལྷག་མར་ལུས་པའི་བུ་རྣམས་ཀྱིས“ལྔ་པ་དང་དྲུག་པ་ཤུགས་རྒྱོབས”ཞེས་འབོད་ཚིག་མཚམས་མ་ཆད་པར་བསྒྲགས། སྐད་སྒྲ་ཆེ་དྲགས་པས་དབྱར་གྱི་འབྲུག་སྒྲ་ལྟ་བུའི་རྔམ་ཆ་ལྡན། དེ་དང་ལྷན་དུ་སློབ་མ་ཚོའི་ལག་ལ་བཟུང་བའི་འཇའ་ཚོན་ནང་བཞིན་གྱི་ཁ་བཏགས་དཀར་སེར་དམར་ལྗང་གི་དགུང་སྔོན་དབྱིངས་སུ་བཏེགས་པས་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོ་ཞིག་འཚོགས་པ་དང་གཉིས་སུ་མེད། འགྲན་བསྡུར་ལ་ཞུགས་མཁན་སློབ་མ་རྣམས་ཀྱིས་རང་གི་ལུས་པོའི་ཐོག་གི་དཀའ་ངལ་དང་རྨས་སྐྱོན་ལ་སྣང་བ་སྤུ་ཙམ་མ་བཏང་བར། ལྷག་བསམ་རྣམ་དག་གིས་རང་གི་ལུས་སྟེང་ནས་བབས་པའི་དཀའ་སྡུག་རྔུལ་ཆུ་ལུས་རྩལ་ཐང་དུ་ཕང་མེད་ངང་གཏོར་བ་དང་། འཛིན་གྲྭའི་ཆེད་དུ་རང་གི་རྩལ་ནུས་ཡོད་རྒུ་ཀུན་གྱི་མིག་དང་ཡིད་ཀྱི་དབང་པོའི་དགའ་སྟོན་དུ་བཤམས་མཐར། རྗེས་མི་ཟིན་པའི་ཉག་ཕྲན་མདའ་མོ་ཞིག་ལྟར་འཛིན་གྲྭ་ལྔ་པ་དང་དྲུག་པ་འགྲན་ཡ་ལས་རྣམ་པར་རྒྱལ་བ་རེད། ཐེངས་གཉིས་པ་ཡང་དེ་ལྟར་ང་ཚོ་རྒྱལ་བར་གྱུར།

འོན་ཀྱང་ང་ཚོ་རྒྱལ་ཁ་ཐོབ་ཐེངས་ག་ཚོད་ཀྱིས་མང་བ་དང་འགྲན་ཡའི་ནུས་རྩལ་མཁས་ནས་མཁས་སུ་འགྲོ། ཐེངས་གསུམ་པ་ང་ཚོའི་འགྲན་ཡ་ནི་འཛིན་གྲྭ་གསུམ་པ་དང་བཞི་པའི་རྐང་རྩེད་སྤོ་ལོའི་རུ་ཁག་རེད། ཁོང་ཚོས་སྤོ་ལོ་གཅིག་སྔ་པོ་ནས་བླུགས་སོང་། དུས་ཚོད་ནི་མཚམས་མ་ཆད་པར་ཚག་ཚག་ཏུ་འཁོར་ཡང་ང་ཚོའི་བསྡུར་གྲངས་ད་དུང་ཀླད་ཀོར་ཡིན། སྤོ་ལོ་བ་རྣམས་ནི་སེམས་ཁྲལ་དང་ཡིད་ཆད་ཀྱིས་ཁེངས་ཡོད་ངེས། ང་ཚོ་ཟུར་ནས་ལྟད་མོ་ལྟ་མཁན་གྱི་ང་ཚོ་ནི་དངངས་སྐྲག་དེ་ལས་ཆེ་བ་བྱུང་། སྟབས་ལེགས་པ་ཞིག་ལ་སྤོ་ལོའི་འགྲན་བསྡུར་མཇུག་བསྒྲིལ་བར་སྐར་མ་གཉིས་ཙམ་ལས་མེད་སྐབས་གཟུགས་ཆུང་ཡང་བདེ་མྱུར་གཟིར་གསུམ་ཚང་བའི་རུ་མི་ཚེ་རིང་བསམ་འཕེལ་གྱིས་སྤོ་ལོ་ཐད་ཀར་འགྲན་ཡའི་སྒོ་ནང་དུ་བླུགས་པས། ལུས་རྩལ་ཐང་ཡོངས་རྫོགས་ཀྱིས་དགའ་བའི་འབོད་སྒྲས་ཁེངས་པ་དང་། ང་ཚོའི་བར་གྱི་བསྡུར་གྲངས་ནི1:1ཆགས་པ་རེད། ཆུ་ཚོད་གཉིས་ལ་ཉེ་བ་བརྒྱབ་རུང་ད་དུང་རྒྱལ་ཕམ་ཐག་མ་ཆོད་པས། དྷ་སི་ཀ་ཊམ་བརྒྱབ་ནས་ཁེ་ཕམ་རྩོད་རྒྱུ་བྱས། མཐའ་མཇུག་ང་ཚོ་ཕམ་སོང་། དེ་ནི་སྤོ་ལོ་བ་དང་ལྟད་མོ་མཁན་སུའི་ངོས་ནས་བཤད་ཀྱང་དང་ལེན་བྱེད་དཀའ་བའི་མཇུག་འབྲས་ཤིག་རེད། ང་ཚོ་ཚང་མ་སེམས་སྡུག་སྐྱེ་རྒྱུ་ནི་སྨོས་མ་དགོས་ཏེ། ལྷག་པར་དུ་འཛིན་གྲྭ་ལྔ་པའི་བུ་མོ་མང་པོ་ཞིག་གིས་ཡུན་རིང་བར་ངུས་སོང་། དེ་ལས་ཁོང་ཚོས་བྱེད་སྒོ་འདིར་མཐོང་ཆེན་དང་དོ་གལ་ཤིན་ཏུ་ཆེན་པོ་བྱེད་པ་མཚོན་ཐུབ།

འགྲན་ཐེངས་བཞི་པར་སླེབས་སོང་། དེ་ནི་མཐའ་བསྡུར་དུ་ཚུད་མིན་གྱི་འགྲན་བསྡུར་གལ་ཆེན་ཞིག་ཡིན་པས་ཚང་མས་རེ་བ་ཆེན་པོ་བཅོལ་ཡོད་མོད། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་སླར་ཡང་འགྲན་ཡ་ལས་ཕམ་སོང་། ང་ཚོ་བློ་ཕམ་ཚད་མེད་སྐྱེས་ན་ཡང་ཐབས་ཤེས་ཅི་ཞིག་ཡོད་ཨང་། སྤོ་ལོ་བ་རྣམས་སྐྱོ་གདུང་གི་མིག་ཆུ་འདོན་བཞིན་འདུག་ང་ཚོའི་སེམས་པ་ཡང་སྔར་བས་སྐྱོ་བ་བྱུང་། ཕྱི་ཚུལ་ནས་གཅིག་གིས་གཅིག་ལ་སེམས་གསོ་བྱས་ཏེ་སྐྱོན་མེད་ཚུལ་བཤད་ན་ཡང་དོན་དུ་ཚང་མའི་སེམས་ལ་ཕམ་སྣང་ཞིག་བཞག་ཡོད་པ་ནི་སྨོས་མེད་རེད།

མདོར་བསྡུས་ནས་བཤད་ན། སྤོ་ལོའི་འགྲན་བསྡུར་དེའི་རིང་སྐྱིད་སྣང་བྱུང་ལ་སྡུག་སྣང་ཡང་ཡོད། སྐྱིད་པའི་རྒྱུ་མཚན་ནི་ཡིག་ཚད་བཏང་ཚར་རྗེས་ལྷོད་ལྷོད་བྱས་ནས་སློབ་གྲྭས་སྤེལ་བའི་བྱེད་སྒོའི་ནང་དགའ་དགའ་སྤྲོ་སྤྲོའི་ངང་ཞུགས་རྒྱུ་བྱུང་བ་དང་། སྐྱོ་བའི་རྒྱུ་མཚན་ནི་ང་ཚོའི་རུ་ཁག་ལ་བྱེད་སྒོ་འདིའི་ནང་གྲུབ་འབྲས་ཡག་པོ་ཞིག་ལེན་ཐུབ་མེད་པས་ཡིན། དེ་ནི་ང་ལྟ་བུ་མི་རེ་གཅིག་རེ་གཉིས་ཀྱི་སྐྱོ་བ་ཙམ་མིན་པར་ང་ཚོའི་འཛིན་གྲྭའི་སློབ་མ་ཡོངས་རྫོགས་ཀྱི་སྐྱོ་གདུང་ཞིག་ཀྱང་ཡིན་ངེས། ད་ལོར་གྲུབ་འབྲས་བཟང་པོ་དེ་ཙམ་མ་ཐོབ་ཀྱང་ཡང་བསྐྱར་བྱེད་སྒོ་འདི་ལྟ་བུ་ཞིག་སྤེལ་ཚེ་ང་ཚོའི་རུ་ཁག་ལ་འབྲས་བུ་བཟང་པོ་ཞིག་ཐོབ་པའི་རེ་བ་ཆེན་པོ་ཡོད། རྒྱུ་མཚན་ནི་རུ་མི་རྣམས་དེ་དུས་སྤོ་ལོ་ད་ལྟ་ལས་རྒྱག་མཁས་པ་ཡོད་ངེས་ཤིང་། ལུས་བོངས་ཆུང་བའི་ང་ཚོའི་སྤོ་ལོའི་རུ་མི་རྣམས་དེ་དུས་ན་སོ་དར་ལ་བབས་པའི་སྟག་ཤར་དུ་གྱུར་ཡོད་ངེས། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明