ཉེ་ཆར། ཀྲུང་གོའི་གཞོན་ནུ་སྔོན་ཐོན་རུ་ཁག་བཙུགས་ནས་ལོ་ངོ་76འཁོར་བའི་སྐབས་སུ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་“གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ལ་བདག་ཡོད་”ཅེས་པའི་ཏང་ཡོན་དང་སྡེ་ཚོགས་གདོང་ལེན་རུ་མི་བཅས་གཞི་གཅིག་ཅན་གྱི་བརྗོད་དོན་གཙོ་བོའི་དཔེ་སྟོན་བྱེད་སྒོའི་སློབ་ཚན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་འཚོགས་པ་རེད། གུང་གཞོན་སྡེ་ཚོགས་བོད་ལྗོངས་ཨུ་ལྷན་དང་། ལྗོངས་སློབ་གསོ་ཐིང་། ལྷ་ས་དགེ་འོས་སློབ་གླིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་པ་དང་། ལོ་ཆུང་གདོང་ལེན་རུ་མི་དང་སྡེ་ཚོགས་ཀྱི་ཚོགས་མི། སློབ་ཆེན་སློབ་མའི་ཏང་ཡོན་འཐུས་མི་བཅས་མི་གྲངས་230བྱེད་སྒོར་ཞུགས་པ་རེད།
བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་ངང་འགོ་ཚུགས་ཤིང་། ཏང་ཡོན་འཐུས་མིས་ཏང་གི་དར་ཆ་འདེགས་པ་དང་། སྡེ་ཚོགས་འཐུས་མིས་སྡེ་ཚོགས་ཀྱི་དར་ཆ་འདེགས་པ། གདོང་ལེན་རུ་མིའི་འཐུས་མིས་རུ་ཁག་གི་དར་ཆ་འདེགས་པ་“ཏང་གིས་སྡེ་ཚོགས་སྣེ་ཁྲིད་བྱེད་པ་དང་སྡེ་ཚོགས་ཀྱིས་གདོན་ལེན་རུ་ཁག་སྣེ་ཁྲིད་བྱེད་པའི་”རྩ་འཛུགས་ཀྱི་ཁྲག་རྩ་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་རེད། བྱིས་པས་《སྐེ་དར་དམར་པའི་རྨི་ལམ་》གྱེར་འདོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐེ་དར་དམར་པོར་གཅེས་སྤྲས་བྱེད་པ་དང་། གསར་རྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། དེ་བཞིན་“མིག་སྔའི་དུས་ལ་གཅེས་སྤྲས་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་རྒྱུ་”བཅས་ཀྱི་འཚར་ལོངས་ཀྱི་ཆོད་སེམས་མཚོན་པར་བྱས་པ་རེད།
AIརྣམ་པའི་ཐོག་ནས་《མེས་རྒྱལ་དང་ང་》ཞེས་པ་སློབ་ཁྲིད་བརྒྱུད་དེ་དབྱིངས་ཞུགས་རྣམ་པའི་ཐོག་ནས་མཉམ་འགུལ་འཁྲབ་སྟོན་བྱས་ཏེ། བརྩེ་དུང་ཟབ་མོའི་ངང་རྒྱལ་སྲུང་མཐའ་སྲུང་དཔའ་བོའི་བྱས་རྗེས་བཤད་དེ་ཏང་གཅེས་དང་རྒྱལ་གཅེས་ཀྱི་ས་བོན་ཕྲུ་གུ་ཚོའི་སེམས་སུ་ཟུག་ཐུབ་པ་བྱས་པ་རེད། རྒྱལ་ཡོངས་ཀྱི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས་ཐོབ་མཁན་བསོད་ནམས་དར་རྒྱས་དང་དང་ལུའོ་ཧྥུང་གཉིས་ཀྱིས་ས་གནས་ས་ཐོག་ཏུ་གངས་ལྗོངས་ས་མཐོའི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་སུ་གཞོན་ནུའི་འབད་འཐབ་ཀྱི་གཏམ་རྒྱུད་རུ་མི་རྣམས་ལ་མཉམ་སྤྱོད་བྱས་པས་ཚང་མའི་དགའ་བསུ་ཐོབ། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་རུ་མི་ལྷག་པ་སྒྲོལ་མས་སེམས་འགུལ་ཆེན་པོས་“མིག་དཔེར་འཛིན་འོས་པའི་གཏམ་རྒྱུད་མང་པོ་ཐོས་རྗེས་ང་ལ་དམིགས་བསལ་གྱི་སེམས་འགུལ་ཆེན་པོ་ཐེབས་བྱུང་བས། ང་སློབ་ཆུང་གི་གདོང་ལེན་པ་ནས་ནར་སོན་རྗེས་གདོང་ལེན་པ་བྱས་ཏེ་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཐུབ་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་བློས་འགེལ་ཆོག་པའི་རྒྱུན་འཛིན་པར་འཚར་ལོངས་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་བཤད།
ལྷ་ས་དགེ་འོས་སློབ་གླིང་གི་སློབ་ཆེན་སློབ་མའི་ཏང་ཡོན་ལིའུ་ཁྲེན་ཐའོ་གིས་《དར་ཆའི་སྣེ་ཁྲིད་》ཞེས་པའི་གཏམ་བཤད་ཁྲོད་“གྲུ་དམར་པོའི་སྙིང་སྟོབས་”དེ་གཙོ་རྐང་བྱས་ནས་ཏང་གི་ལོ་བརྒྱའི་འགྲུལ་བཞུད་ལ་ཕྱིར་མིག་བལྟས་ནས་གཞོན་ནུ་ལོ་ཆུང་རྣམས་ལོ་རྒྱུས་ཀྱི་“ཁ་ལོ་”དང་ལེན་བྱས་ཏེ་མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་སུ་འདྲེས་ནས་སློབ་སྦྱོང་ལ་ཧུར་བརྩོན་གྱིས་སྟོབས་ཤུགས་གསོག་འཇོག་བྱེད་དགོས་པའི་འབོད་སྐུལ་དང་། ལག་ལེན་ལ་བརྟེན་ནས་འཇོན་ཐང་སྦྱོང་བརྡར་བྱས་ནས་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད།
དེ་རྗེས་ཕུལ་བྱུང་ཏང་ཡོན་དང་སྡེ་ཚོགས་རུ་མིས་གདོང་ལེན་རུ་མི་གསར་པར་སྐེ་དར་དམར་པོ་འཕུལ་བ་དང་འབྲེལ་རིམ་བཞིན་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་དང་། སྡེ་ཚོགས་ནང་ཞུགས་པ། ཏང་ནང་ཞུགས་པའི་དམ་བཅའ་བཞག་ནས་“དམར་པོ་བརྒྱུད་སྤྲོད་”བྱས་ཏེ་བྱེད་སྒོ་དེ་ཚ་རླབས་ཆེན་པོའི་ངང་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་ཚོགས་མི་བཀྲ་ཤིས་དོན་གྲུབ་ཀྱིས་“དེ་རིང་གི་དཔེ་སྟོན་སློབ་ཚན་ཐོག་ནས་རང་ཉིད་ལ་ཏང་དང་སྡེ་ཚོགས་ཀྱི་ཚོགས་པས་“གཅིག་ཤུལ་གཅིག་འཛིན་”གྱི་ཚོར་སྣང་ཟབ་མོ་བྱུང་བས། ངས་ཆུང་དུས་ནས་ཕུགས་འདུན་དད་སེམས་བརྟན་པོ་འཛུགས་རྒྱུ་དང་གསར་བརྗེའི་སྙིང་སྟོབས་ཁྲག་རྩའི་ནང་མཉམ་འདྲེས་ཀྱིས་ཁྱིམ་ཞེན་རྒྱལ་ཞེན་སེམས་སུ་ཉར་ནས། དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས་བ་དང་ཏང་གི་བཀའ་ལ་ཉན་པ་ཏང་གི་བཀའ་དྲིན་ཚོར་བ་བཅས་བྱེད་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་དཔེ་སྟོན་བྱེད་སྒོའི་སློབ་ཚན་གྱི་དམིགས་ཡུལ་ནི་བརྒྱུད་བགྲོད་མཛད་སྒོའི་སློབ་གསོ་དང་། གཏམ་རྒྱུད་མཉམ་སྤྱོད་དང་མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ཐོག་ནས་གཞོན་ནུ་ལོ་ཆུང་ལ་དད་མོས་ཀྱི་སྟོབས་ཤུགས་རྟོགས་རྒྱུར་སྣེ་ཁྲིད་བྱེད་པ་དང་། ཏང་གིས་གཙོ་འཛིན་གྱི་མངགས་བཅོལ་དེ་གཞོན་ནུ་ལོ་ཆུང་གིས་ཚོར་ཐུབ་པ་དང་། སློབ་ཐུབ་པ། ལག་ལེན་བྱེད་ཐུབ་པ་བཅས་ཀྱི་འཚར་ལོངས་ཀྱི་གནས་ཚད་དུ་གྱུར་ནས་ཏང་དང་སྡེ་ཚོགས་གདོང་ལེན་རུ་ཁག་བཅས་གཞི་གཅིག་ཅན་དུ་སྦྲེལ་ནས་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ལ་དགའ་ཞེན་དང་རྒྱལ་གཅེས་ཀྱི་ས་བོན་དེ་གཞོན་ནུ་ལོ་ཆུང་གི་སེམས་སུ་རྩ་བ་ཚུགས་སུ་བཅུག་ནས་གཞོན་ནུ་ལོ་ཆུང་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་“ཏང་ཐུགས་བློ་བདེ་པོ་གནང་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་པར་ང་ཡོད་”ཅེས་པའི་ལྷག་བསམ་ཟོལ་མེད་ཀྱི་དམ་བཅའ་ལག་ལེན་བསྟར་རྒྱུར་སྐུལ་ལྕག་བྱེད་པ།
གོམ་སྟབས་རྗེས་མར་བོད་ཀྱི་སྡེ་ཚོགས་རྩ་འཛུགས་ཁག་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཨུ་ལྷན་གྱིས་རྒྱུན་མཐུད་ངང་ཏང་དང་སྡེ་ཚོགས་གདོང་ལེན་རུ་ཁག་གཞི་གཅིག་ཅན་གྱི་མི་གསོ་སྐྱོང་གི་འབྲེལ་ཐག་གཏིང་ཟབ་ཏུ་བཏང་ནས་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོ་རྒྱལ་གཅེས་བརྩེ་སེམས་དང་རྒྱལ་སྟོབས་སྤེལ་འདུན། རྒྱལ་དྲིན་གསོ་བའི་འདུན་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་ཤུགས་ཆེ་བའི་ལག་ལེན་ནང་ཞུགས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་གྱི་ཆེད་དུ་གཞོན་ནུའི་སྟོབས་ཤུགས་གཅིག་སྡུད་བྱེད་ཐུབ་པ་དགོས།
བསོད་བསྟན་གྱིས་བསྒྱུར།



 放大
 放大 缩小
 缩小 默认
 默认 放大
 放大 缩小
 缩小 默认
 默认
