ངའི་བྱིས་དུས་ཀྱི་འཆར་སྣང་རབ་རིབ་ཁྲོད་ན་རྨོ་བོ་ལགས་ནི་ཇི་འདྲའི་བྱམས་བརྩེ་ལྡན་ཞིང་ཐུགས་གཤིས་བཟང་བའི་བུད་མེད་ཅིག་ཡིན། ཆུང་དུས་སྐྱིད་སྡུག་འདྲ་མིན་སྣ་ཚོགས་བྱུང་དུས་ང་ལ་སེམས་གསོ་དང་ཐབས་ཤེས་འདོན་མཁན་ཡང་ཡིན་པས། ཁོང་ནི་ངའི་བྱིས་དུས་ཀྱི་འཆར་སྣང་ཐུང་ངུ་དེའི་ནང་མེད་དུ་མི་རུང་བའི་བརྗོད་བྱ་གཙོ་བོ་ཞིག་ཀྱང་ཡིན།
ཆུང་ནས་ད་བར་ངས་ནོར་འཁྲུལ་གང་ཞིག་བྱུང་ཡང་། ཁོང་གིས་བཀའ་བཀྱོན་ཕྲན་བུ་ཙམ་ཡང་མི་གནང་བར། རྟག་ཏུ་ང་ལ་མི་ཚེའི་གནས་ལུགས་ཟབ་མོས་ནོར་འཁྲུལ་ཡོ་བསྲང་བྱེད་ལུགས་གསུངས་ལ། ཞིམ་པའི་ཟས་དང་འཇམ་པོའི་གོས་ཅི་ཞིག་ཡིན་རུང་ཚང་མ་རང་གིས་སྤྱོད་མ་ཕོད་པར་བདག་ལ་བསགས་ནས་གནང་གི་ཡོད། དུས་ཀྱི་བཞུར་རྒྱུན་དང་འགྲོགས་ནས་ང་རང་ཡང་ཤེས་བྱའི་ལྡུམ་ར་འགྲིམ་པའི་དུས་དེ་ཟིན། དེ་ནས་བཟུང་ང་ཡང་རྨོ་བོ་ལགས་དང་བྲལ་ནས་རང་ཉིད་གཅིག་པུར་འཚོ་བ་རོལ་འགོ་ཚུགས་པས། ལོ་རེའི་དགུང་གསེང་མ་གཏོགས་ཁོང་དང་གཤིབ་པའི་གོ་སྐབས་ཇེ་ཉུང་དུ་སོང་། དུས་རྒྱུན་ཁོང་གིས་ང་ལ་དུས་ཐོག་ཏུ་ཟ་མ་ཟ་དགོས་པ་དང་ལུས་སྦྱོང་བྱེད་དགོས་ལུགས་སོགས་བསླབ་བྱ་མང་པོ་གནང་བའི་སྐབས་སུ་ངས་ཁོང་ལ་སུན་སྣང་ཆེན་པོ་སྐྱེས་པ་མ་ཟད། ད་དུང་རང་ཤེད་ཚ་པོས། ཁོང་གི་བཀའ་ལ་མ་ཉན་པར་རང་སྣང་གང་ཤར་ཁོ་ནར་རོལ། ཡིན་ནའང་སློབ་གྲྭར་སླེབས་རྗེས། ང་རང་རིམ་བཞིན་འགྱོད་པས་མནར་ལ། ཉིན་མཚན་ལྟོས་མེད་དུ་རྨོ་བོ་ལགས་ཁོང་ཤིན་ཏུ་དྲན།
སློབ་ཆུང་དང་སློབ་འབྲིང་སྐབས་གཟའ་འཁོར་གཅིག་ཙམ་ལ་ཁོང་དང་འཕྲད་ཐུབ། ད་ལྟ་ཟླ་བ་ཁ་ཤས་ལ་མ་གཏོགས་མཇལ་ཁོམ་མེད་པས། ཟླ་ཤས་རིང་ལའང་ཁོང་གི་དབུ་སྐྲ་སྔར་ལས་དཀར་བར་འགྱུར་བ་མ་ཟད། སྐུ་གཟུགས་ཀྱང་སྔར་ལས་གུག་པས་ངའི་སྙིང་ཁམས་ཀྱི་རྨ་ཁར་སྔར་མེད་ཀྱི་ན་ཟུག་ཧ་ཅང་ཆེ།
ང་རང་ལང་ཚོ་དར་ལ་རྒྱས་པའི་དུས་དེར་སྙིང་ནས་བརྩེ་བའི་རྨོ་བོ་ལགས་ཀྱི་སྐུ་ཚེ་ནི་ལ་ཁའི་ཉི་མ་ལྟ་བུར་འགྱུར་གྱིན་ཡོད། གདུག་རྩུབ་ཅན་གྱི་ལོ་ཟླས་ཁོང་གི་བྱམས་བརྩེ་ལྡན་པའི་ཞལ་རས་སྟེང་ན་རྒས་ཀྱི་གཉེར་མའི་རི་མོ་བྲིས་པ་དང་། ཁྲ་ཆེམ་གྱི་སྤྱན་ཟུང་རིམ་བཞིན་གཟི་མདངས་ཡལ། ཕྲ་ལྡེམ་གྱི་སྐུ་གཟུགས་རྔ་དབྱུག་ལྟར་གུག་པ་སོགས་མཐོང་དུས། ང་རང་གི་ལང་ཚོའི་སྟོབས་ཉམས་ལས་ཁོང་ལ་མཉམ་སྤྱོད་བྱེད་པའི་འདོད་སེམས་ཆེན་པོར་སྐྱེས། ཆུང་དུས་ཁོང་གིས་ཞོགས་པ་སྔ་པོ་ནས་ང་ལ་མལ་ཆས་ཀྱི་ནང་དུ་འོ་མ་ཚ་པོ་སྟེར་བ་དང་། ཟ་འདོད་ཀྱི་ཟས་དང་འཐུང་འདོད་ཀྱི་བཏུང་བྱ་འདྲ་མིན་སེར་སྣ་མེད་པར་སྦྱིན། ད་དུང་ཡུལ་ལུང་གང་སར་གནས་མཇལ་ལ་འཁྲིད། ངའི་ལུས་ལ་ནད་ཕྲན་ཙམ་ཕོག་ནའང་དུའ་ཐོག་ཏུ་སྨན་ཁང་དུ་སྐྱེལ་བ་སོགས་ཁོང་གིས་ངའི་ཆེད་དུ་གནང་བའི་བྱ་བ་ཐམས་ཅད་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་རིམ་བཞིན། ངའི་ཡིད་ཀྱི་དུང་བའི་ཟབ་ས་ན་ཁོང་ནི་ཅི་འདྲའི་རླབས་ཆེ་བའི་སྐྱེད་མ་གཉིས་པ་རང་ལགས།
ངའི་སྙིང་ནས་བརྩེ་བའི་རྨོ་བོ་ལགས། ཁྱེད་ནི་ངའི་མདུན་སྐྱོད་ཀྱི་ལམ་བུའི་སྟེང་ན་འོད་སྣང་སྟེར་མཁན་གཅིག་པུ་དེ་ཡིན་ལ། ངའི་སེམས་ནང་ནམ་ཡང་མི་ནུབ་པའི་ཉིན་བྱེད་འོད་སྣང་དེ་ཡིན་ལགས། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། བོན་བསྟན་འཛིན།



 放大
 放大 缩小
 缩小 默认
 默认 放大
 放大 缩小
 缩小 默认
 默认
