
སྟོན་ཟླ་བཅུ་པར་རྒྱལ་ཡོངས་སུ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་གྱི་ས་གཞི་ཆེ་མོར་དགའ་སྐྱིད་དཔལ་ལ་རོལ། ཟླ་10ཚེས་1ཉིན་གྱི་སྔ་དྲོར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཤིང་། འདི་ནི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་10ཚེས་1ཉིན། རྫོགས་ལྡན་དུས་ལ་འཁྲུངས་སྐར་མཉམ་དུ་བསུ། གངས་ལྗོངས་ས་མཐོར་དགའ་སྤྲོའི་རྣམ་པས་ཁེངས། ཟླ་10ཚེས་1ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”བརྗིད་ཆེའི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་ལྷན་དུ་དུས་རབས་གསར་པར་གུས་བསྟོད་དང་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།
ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་དལ་བུར་རྒྱུ། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་པ་དང་། སྔོ་ལྗང་རྩི་ཤིང་གིས་བརྒྱན་པའི་ལྷོ་རིའི་རྩེ་མོར“མེས་རྒྱལ་ཁྲི་ལོར་བརྟན་པ་ཤོག”ཅེས་པའི་ཡིག་འབྲུ་གསལ་པོར་མངོན་ཞིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་སྦྱར་ཡིག་མངོན་གསལ་ཧ་ཅང་དོད། ཆུ་ཚོད་10པ་ཙམ་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དཔའ་ཉམས་དོད་པའི་རྒྱལ་དར་སྲུང་སྐྱེལ་རུ་ཁག་གིས་གོམ་སྟབས་བརྟན་པོ་སྤོས་ཏེ་སྐར་ལྔའི་དར་དམར་རྒྱལ་དར་སྒྲེང་སྟེགས་སུ་སྲུང་སྐྱེལ་བྱས། “རྒྱལ་དར་ལ་གུས་འདུད་ཞུ”ཞེས་པའི་སྐད་གསང་མཐོན་པོའི་བཀའ་བརྡ་གྲགས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་དང་བསྟུན་ནས་དམར་མདངས་རབ་ཏུ་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས། ས་གནས་ས་ཐོག་གི་ལས་རིགས་ཁག་གི་མི་སྣས་སྒམ་བརླིང་ངང་རྒྱལ་དར་ལ་མིག་འདུད་ཞུ་བ་དང་། བརྩེ་བ་ཟབ་མོས་རྒྱལ་དར་ལ་ལྟ་བཞིན་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ནས་ཏང་ལ་བླ་ན་མེད་པའི་གུས་འདུད་ཞུ་ལུགས་དང་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པར་བྱས་པ་རེད།
རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་ལས་རྒྱལ་གཅེས་ཀྱི་སྟོབས་ཤུགས་འཕེལ་བ་དང་། རྔམ་བརྗིད་ལྡན་པའི་རྒྱལ་གླུས་འབད་འབུངས་མདུན་སྐྱོད་ཀྱི་རོལ་དབྱངས་དཀྲོལ། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། རྒྱལ་གཅེས་ཀྱི་སྤྲོ་སེམས་ཆེན་པོ་ལས་སྒྲུབ་ལས་གཏོད་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་པ། དེ་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་དེ་བས་སྤོབས་སེམས་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་ལས་དོན་ཁྲོད་ཧུར་ཐག་ཞུགས་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་དེ་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
གནམ་ཕྱུག་རྒྱལ་དང་བསྟན་འཛིན་བཟང་མོས་བསྒྱུར།



 放大
 放大 缩小
 缩小 默认
 默认 放大
 放大 缩小
 缩小 默认
 默认
