西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདག་གི་ལང་ཚོ། ༄༅། །ཆུ་ཕྲན་གྱི་སྙིང་སྟོབས། བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་འགོ་ཚུགས་པ། ༄༅། །ང་རང་ཆེས་དགའ་བའི་འབུ་བརྐོ་ཡུལ།

放大 缩小 默认

༄༅། །ང་རང་ཆེས་དགའ་བའི་འབུ་བརྐོ་ཡུལ།

□ 作者 ཚེ་རིང་འཚོ།

ས་མཐོའི་དྲོད་ཚད་རིམ་བཞིན་འཕར་བ་དང་། ལོ་གཅིག་གི་ཡོང་འབབ་གསོག་པའི་དུས་ལ་བབས། དཔྱིད་ཀྱི་ཕོ་ཉས་སྐད་སྙན་སྒྲོག་བཞིན་མི་རྣམས་ལ་འབུ་རྩྭ་བརྐོ་བའི་བརྡ་ཐོ་གཏོང་ཞིང་། ས་ཆེན་རི་བོ་མི་ཡིས་ཁེངས་པའི་དུས་ཚོད་འདི་ནི་ཐམས་ཅད་ཀྱི་འཚོ་བའི་ཆུ་ཚད་གོང་འཕེལ་གཏོང་བའི་དུས་ཚོད་ཅིག་རེད།

ཞོགས་པ། སྲིད་པའི་སྒྲོན་མེ་དབང་ཕྱོགས་ཀྱི་ས་འཛིན་སྤོ་ནས་ཤར་བ་དང་། ཆུ་འགྲམ་གྱི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་གྲལ་སྟར་འགྲིག་པའི་རས་གུར་ནང་གི་མི་རྣམས་འབུ་བརྐོ་བར་བསྐྱོད་པའི་གྲ་སྒྲིག་བྱེད་བཞིན་ཡོད། དུ་བ་དང་སྨུག་པ་ལྷན་དུ་བསྡེབས་ནས་བར་སྣང་ཡོངས་རྫོགས་དུད་སྨུག་འཁྲིགས་ཏེ་སིང་རས་ཀྱིས་གཡོགས་པ་ལྟར་རབ་རིབ་མག་མོག་ཏུ་གནས་ཤིང་། གནས་སྐབས་རིང་འབུ་སྒར་ཡོངས་རྫོགས་མཐོ་རིས་ས་ལ་འཕོས་པ་ལྟར་མཚར་སྡུག་གིས་ཕྱུག ཨེ་མ། དེ་ནི་བདག་གི་འབུ་རྩྭ་བརྐོ་ཡུལ་ཏེ། སྐྱིད་པའི་ཆིས་ནང་ཡིན། མ་གཞི་ས་ཆ་གཞན་ལས་དམིགས་བསལ་གང་ཞིག་ཡོད་མེད་ཤོད་དཀའ་ན་ཡང་། འདི་ནི་ང་རང་ཆུང་དུས་ཀྱི་རྩེད་ར་ཡིན་པས། ང་ཡུལ་འདིར་ཤིན་ཏུ་དུང་ངོ་། །

ཆིས་ནང་ནི་རྡོ་མཁར་གྲོང་ཚོའི་ཡུལ་ལག་ཅིག་ཡིན་པ་དང་། ཕྱོགས་བཞི་རི་བོས་བསྐོར་བའི་རི་ཁུག་ཏུ་གནས་ཡོད། རི་འདབས་ནས་ལུང་ཆུ་ཆུང་ཆུང་ཞིག་རྒྱུག་བཞིན་ཡོད་པས་དབེན་འཇགས་ཀྱི་ས་ཆ་དེ་ལ་མཚོན་ན་གསོན་ཤུགས་གསར་པ་ཞིག་བསྣན་ཡོད། དུས་རྒྱུན་ཆིས་ནང་ལ་འབུ་བརྐོ་མཁན་གྱི་དུད་ཚང་བཅུ་གཉིས་ཙམ་ཡོད་པ་དང་། མི་གྲངས་བཞི་བཅུ་ཡན་མས་ཡོད། མང་ཆེ་བ་རྒན་འཁོགས་དང་ལུས་སྟོབས་ཞན་པའི་མི་རྐྱང་ཡིན། ས་ཆ་གཞན་ལ་འབུ་བརྐོ་བར་འགྲོ་དགོས་ན་སྔ་ལངས་ཕྱི་ཉལ་དང་། རི་གཟར་འཕྲང་འགག་སྣ་ཚོགས་བརྒྱུད་དགོས་པས། འདིར་བསྡད་ན་གནས་བཟོད་བདེ་ཞིང་ཕན་ཚུན་འགྲོགས་བདེ་གཤིབ་བདེ་ཡིན་པ་དང་། ཞེ་སྡང་ཕྲག་དོག་མེད་པར་གཅིག་གིས་གཅིག་ལ་རོགས་རམ་དང་རི་ལ་བསྐྱོད་སྐབས་ཕན་ཚུན་སྒུག་རེས་བྱེད་ཀྱི་ཡོད་པས་དངངས་སྐྲག་དང་བྲེལ་ཟིང་གང་ཡང་དགོས་ཀྱི་མེད་པའི་འབུ་མང་པོ་མ་ལོན་ཀྱང་དགའ་སྤྲོའི་ངང་འཚོ་བཞིན་ཡོད།

ཉི་མའི་འོད་ཟེར་ལུང་པའི་མདའ་ལ་འཕྲོས་པ་ན། ལུང་པ་སྔར་བས་དྲོ་སྐྱིད་དང་བཀྲག་མདངས་ཀྱིས་ཕྱུག་པར་འགྱུར། ཉི་མའི་འོག་ཏུ་བྱིས་པ་རྣམས་རྩེད་མོ་སྣ་ཚོགས་ལ་རོལ་ཞིང་། རས་གུར་འགྲམ་གྱི་གཏམ་གླེང་ལ་དད་མོས་ཆེ་བའི་རྒན་འཁོགས་ཚོ་ཡང་ཉི་མ་བསྲོ་བཞིན་ངག་དལ་མེད་ཀྱིས་གནའ་རྒྱུས་ད་རྒྱུས་མང་པོ་ཤོད། ང་ཚོའི་ལུང་པ་ས་ཆ་གཞན་དང་མི་འདྲ་བར་འབུ་བརྐོ་སར་སྦག་སྦག་དང་རླངས་འཁོར་གཏོང་ཆོག་པས་འཁོར་རིགས་སྤྱོད་ཤེས་མཁན་ཡོད་ན་སྟབས་བདེ་ཞེ་དྲག་ཡོད། འབུ་བརྐོ་མཁན་རྣམས་རི་བོའི་རྩེ་མོར་སླེབས་སྐབས་སྣང་བ་དགུང་ལས་མཐོ་བ་དང་། ཀི་བསྭོ་ལྷ་རྒྱལ་གྱི་ངོ་སོ་བསྟོད། ནགས་གསེབ་ནས་ཁུ་བྱུག་གི་དབྱངས་སྙན་ལྷང་ལྷང་དུ་གྲགས་སྐབས། དགའ་ཚོར་ཆེན་པོས“གོ་གོ། སྙན་སྙན། ད་ལོ་ལས་ད་ཕན་གྲགས་སྔ་བར་ཤོག”ཅེས་སྨོན་ཚིག་བསྒྲོན། དེ་ནི་ལོ་ཕྱི་མའི་དཔྱིད་ཀ་འདི་ལོ་ལས་འཆར་སྔ་བར་ཤོག་ཅེས་པའི་དོན་ཡིན།

མཛེས་ཤིང་ལྟ་ན་སྡུག་ལ་སུམ་རྩེན་གནས་དང་གཉིས་སུ་མེད་པའི་བདག་གི་ཕ་ཡུལ་ལགས། ཁྱེད་ནི་ངའི་སྤྲོ་སྣང་ལྡན་པའི་བྱིས་དུས་ཀྱི་འཚོ་བ་མངར་པོ་སྐྱེལ་ཡུལ་ཡིན་ལ། གོམ་ལག་རྒྱས་ཏེ་འབུ་བརྐོ་ཡི་ཞོར་ལས་གཉེར་ས་ཡང་ཡིན། ཁྱེད་ནི་ངའི་བྱིས་དུས་ཀྱི་རྩེད་ར་དང་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་པའི་གཞི་མ་ཡིན་པ་མ་ཟད། མ་འོངས་པའི་རེ་སྨོན་འཆང་བའི་གསོན་ཤུགས་ཀྱི་འཕར་རྩ་ཡང་ཡིན། ངས་ཁྱེད་ལ་ནམ་ཡང་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་འདོད། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明