西藏青年报藏文版ཕྱོགས་བསྡུས། སྐྱིད་གྲོང་རྒྱལ་མཚམས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་”ཞེས་པའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་གཉེར་བ། ལོ་ལེགས་ནི་ཞིང་པར་སྤྲད་པའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན། པར་རིས་གསར་འགྱུར།

放大 缩小 默认

ལོ་ལེགས་ནི་ཞིང་པར་སྤྲད་པའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན།

ཟླ་9ཚེས་23ཉིན་ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བརྒྱད་པ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གཙང་དཀར་གྲོང་རྡལ་མདུན་གྲོང་གྲོང་ཚོའི་ཞིང་རའི་ཐོག་དགའ་སྤྲོའི་ངང་སྤེལ་བ་རེད།“ཞིང་ལས་ཀྱི་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ། མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་པ།”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྟོན་གྱི་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཚ་ཚ་འུར་འུར་ངང་འགོ་ཚུགས་ཡོད། གླུ་གར་དང་སྤྲོ་སྣང་ལྡན་པའི་ཞབས་བྲོ་དང་མཉམ་དུ་ཞིང་པ་རྣམས་ཀྱིས་བཙས་མ་བརྔ་བསྡུའི་འགྲན་བསྡུར་བྱས་ཤིང་། སྲོལ་རྒྱུན་དང་དེང་རབས་ཀྱི་“གླེང་མོལ་”ལ་བརྟེན་ནས་ལོ་ཏོག་གི་འབྲུ་རྡོག་བཤུ་བའི་བློ་གྲོས་མངོན་པ་དང་ས་ཞིང་རེ་རེ་ཚང་མར་ལོ་ལེགས་ཡོང་བའི་དགའ་སྤྲོ་གླེང་བཞིན་ཡོད།

“ད་ལོའི་ནས་ཡག་པོ་སྐྱེས་འདུག་ལ། འབྲུ་རྡོག་ཕུན་སུམ་ཚོགས་པས། ཐོན་འབབ་ན་ནིང་ལས་ཀྱང་མཐོ་བ་ཡོང་ངེས་ཡིན་”ལོ་ལེགས་བསྡུ་བའི་འགྲན་བསྡུར་ནང་ཞུགས་རྩིས་ཡོད་པའི་ཨ་ཁུ་བརྩོན་འགྲུས་ཀྱིས་དགའ་སྤྲོའི་ངང་བཤད་དོན། “ཚང་མ་སྲིད་གཞུང་གྱི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་ང་ཚོར་སྤུས་ལེགས་ཀྱི་ས་བོན་དང་ལུད་རྫས་མཁོ་འདོན་བྱས་པ་མ་ཟད། ད་དུང་ཞིང་ལས་རིགས་གཅིག་མཁས་ཅན་མངགས་ནས་ཚན་རིག་དང་མཐུན་པའི་འདེབས་ལས་ལ་མཛུབ་ཁྲིད་བྱས་པས་ང་ཚོས་ས་ཞིང་འདེབས་པར་སྔར་བས་ཡིད་ཆེས་ཆེ་རུ་ཕྱིན་ཡོད་”ཅེས་བཤད།

བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་དབྱི་ཧྲེང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་འབྲུ་རིགས་ཀྱི་ཐོན་སྐྱེད་འགན་ལེན་བྱེད་པའི་ཐད་སྲིད་ཇུས་ཡག་པོ་ཡོད་དེ། འདེབས་ལས་བྱས་པ་ནས་ལོ་ལེགས་བསྡུ་བའི་བར་གྱི་ཞིང་ཕན་སྲིད་ཇུས་ཧ་ཅང་ཞིབ་ཕྲ་ཡོད་པ་དང་ལོ་ལྟར་ཁ་གསབ་ཀྱི་དངུལ་གྲངས་སྒོར་དུང་ཕྱུར་6ཡན་ཟིན་གྱི་ཡོད་པས། སྲིད་ཇུས་དེ་དག་གིས་ཐོན་སྐྱེད་ཐད་རོགས་སྐྱོར་དང་འབྲུ་རིགས་འདེབས་པའི་ཞིང་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་ཆེན་པོ་བྱས་ཡོད།

ཞིང་ལས་ཐོན་ལེགས་དེས་ཞིང་པའི་འཚོ་བ་ལེགས་སུ་ཕྱིན་པ་མ་ཟད། ཁོང་ཚོའི་བསམ་པའི་རིག་གནས་ཀྱང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།“ངའི་ཁྱིམ་ནི་མི་རབས་ནས་མི་རབས་བར་ཞིང་པ་ཡིན། ཆུང་དུས་ཕ་མ་དང་མཉམ་དུ་ཞིང་ལས་བྱེད་ཀྱི་ཡོད།”ལོ་86ལ་སླེབས་པའི་རྨོ་མོ་གཡང་སྐྱིད་ཀྱིས་“ད་ཆ་ངལ་རྩོལ་བྱས་པ་བརྒྱུད་ངའི་ཁྱིམ་གྱིས་ཀྱང་སློབ་ཆེན་སློབ་མ་གཉིས་གསོ་སྐྱོང་བྱས་ཡོད་པ་མ་ཟད། ད་དུང་ཞིང་པ་རང་ཉིད་ཀྱི་དུས་ཆེན་འཁྲབ་སྟོན་ལ་བལྟ་ཐུབ་པས་འཚོ་བ་དེ་བས་ཡག་ཏུ་འགྲོ་བཞིན་ཡོད་”ཅེས་སེམས་འགུལ་ཆེན་པོས་བཤད།

2024ལོར་རང་ལྗོངས་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་སྒོར་21578ཟིན་པ་དེ་1965ལོའི་ལྡབ་199ཡིན་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་ཀྱི་93.3%ཟིན་ཡོད། ལོ་ངོ་60རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཡོང་འབབ་ཐེངས་དང་པོའི་སྒོར་ཁྲི་ལ་སླེབས་པར་ལོ་52འགོར་ཞིང་། ཐེངས་གཉིས་པའི་སྒོར་ཁྲི་ལ་སླེབས་པར་ལོ་7ལས་འགོར་མེད། བོད་ཀྱི་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་གྱི་“མྱུར་ཚད་མགྱོགས་སུ་གཏོང་བ་”དེ་ནི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཞིག་རེད།

“ཞིང་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དེ་ཐོན་ཚད་མཐོར་འདེགས་བྱུང་བ་མཚོན་གྱི་ཡོད་པ་མ་ཟད། ཞིང་འབྲོག་པའི་ཁྱིམ་ཚང་གི་བདེ་སྐྱིད་ཚོར་སྣང་དང་ཐོབ་སྣང་མཐོ་རུ་ཕྱིན་པ་ཡང་མཚོན་གྱི་ཡོད།”ལྷུན་གྲུབ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཚེ་རིང་གིས་“ང་ཚོས་ལག་རྩལ་གསོ་སྦྱོང་དང་སྲིད་ཇུས་ཀྱི་རོགས་སྐྱོར་དེ་ཁྲོམ་ར་དང་སྦྲེལ་མཐུད་བྱས་ནས། ཞིང་པའི་“ལོ་ལེགས་”དེ་“ཡོང་འབབ་འཕར་སྣོན་”དུ་བསྒྱུར་བར་རོགས་རམ་བྱས་ནས་ཁོང་ཚོའི་ངལ་རྩོལ་གྲུབ་འབྲས་དེ་དོན་དངོས་ཀྱི་ཕན་འབྲས་སུ་འགྱུར་ཐུབ་པ་བྱུང་ཡོད།”ཅེས་བཤད།

ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་བརྒྱད་པའི་སྐབས་སུ་བོད་ལྗོངས་ས་གནས་ཁག་གི་བཙས་མ་བསྡུ་བའི་འགྲན་བསྡུར་དང་། ཞིང་འབྲོག་པའི་ཐོན་རྫས་འགྲེམ་ཚོང་། དམངས་སྲོལ་རིག་གནས་འཁྲབ་སྟོན་རེས་མོས་ངང་འཁྲབ་སྟེགས་ཐོག་ཐོན་ཏེ། “ཞིང་ལས་ལ་མཐོང་ཆེན། ཞིང་ལས་ལ་བརྩི་བཀུར། ཞིང་ལས་ལ་དགའ་ཞེན། ཞིང་ལས་ལ་རྒྱབ་སྐྱོར་”ཅེས་པའི་གསོན་ཉམས་ལྡན་པའི་རི་མོ་བྲིས་ཏེ། ལོ་ལེགས་དུས་ཆེན་གོ་སྐབས་སུ་བཟུང་ནས་ཞིང་ལས་ཀྱི་ཕན་འབྲས་དང་ཞིང་པའི་ཡོང་འབབ་འཕར་སྣོན་བཅས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་འགུལ་ནུས་གསར་པ་བསྣན་ཡོད།

ཉི་མ་ནུབ་ལ་ཁད་ཀྱང་ཞིང་ཁའི་ཐོག་སྔར་བཞིན་བྲེལ་འཚུབ་ཆེ་བའི་གྲིབ་གཟུགས་ཡོད་མོད། འོན་ཀྱང་ཞིང་པའི་གདོང་ཐོག་གི་བབ་ཆགས་ལ་ཡིད་ཚིམས་པའི་འཛུམ་མདངས་ཀྱིས་བརྗོད་བྱ་གཅིག་རང་བཤད་བཞིན་ཡོད་པ་སྟེ། དེ་ནི་ལོ་ཏོག་བཟང་པོ་ནི་ངལ་རྩོལ་པ་ལ་སྤྲད་པའི་ལེགས་སྐྱེས་ཡག་ཤོས་ཤིག་ཡིན་ལ་བདེ་སྐྱིད་འཚོ་བའི་ཆེས་སྲ་བརྟན་གྱི་རྨང་རྡོ་ཞིག་ཀྱང་ཡིན་པ་དེའོ། །

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明