ཟླ་9ཚེས་25ཉིན། “བློ་སྒྲིལ་སེམས་སྐྱེད། མཐུན་སྒྲིལ་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་ལྷ་སར་འགོ་ཚུགས་ཤིང་། འདི་ནི་གླེང་སྟེགས་འཚོག་ཡུལ་ཡིན་པ།
ཉེ་ཆར། “བློ་སྒྲིལ་སེམས་སྐྱེད། མཐུན་སྒྲིལ་ཡར་བརྩོན”ཞེས་བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་ལྷ་སར་འགོ་ཚུགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ད་རེས་ཀྱི་གླེང་སྟེགས་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་གླེང་སྟེགས་ལ་ཞུགས་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་སྟེ་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས་བཏོད་ཡོད། དེང་གི་བོད་དུ“མོས་སེམས་ལྔ”སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་སྐུལ་འདེད་ཏན་ཏིག་བཏང་བ། “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་དུ་གྱུར་ནས་ཚང་མས་དེ་བས་ལྷག་བསམ་རྣམ་དག་ངང་སྤྱི་ཁྱབ་ཧྲུའུ་ཅིར་གོང་བཀུར་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་དྲིན་ཚོར་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས། དངོས་པོ་དང་བསམ་པ་བཅས་ཀྱི“འབྲེལ་བ་ཆ་བཞི”ཁོང་དུ་ཡང་དག་ཆུད་པ་དང་། གཙོ་རྐང་ལ་དམིགས་པ་དང་ལས་དོན་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བླང་བྱ་དངོས་འབྲེལ་རྒྱུན་གཏན་དང་མཉམ་འདྲེས་དང་རྒྱུན་དུ་ནས་དམ་འཛིན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཟམ་མི་ཆད་པར་བྱེད་པའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་རྩ་ཆེའི་ཉམས་མྱོང་ལ་སྔར་བས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ། གཞི་རིམ་དང་འཛུགས་སྐྲུན་ལ་སྣང་ཆེན་མཐའ་འཁྱོངས་བྱེད་པ་དང་། འཛུགས་གཏོད་ལས་དོན་གྱི་མང་ཚོགས་རང་བཞིན་དང་། རྒྱ་ཁྱབ་རང་བཞིན། དུས་རབས་རང་བཞིན་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པར་བྱེད་པ། སྦྲང་ཆར་ཟིལ་མས་སྐྱེ་དངོས་གསོ་བ་ལྟར་གྱི་ལས་དོན་སྒྲུབ་སྟངས་བརྒྱུད་དཔེ་བཟང་ཁུལ་འཛུགས་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་གླེང་སྟེགས་ལ་ཞུགས་མཁན་འགོ་ཁྲིད་དང་། སྐུ་མགྲོན། གྲོགས་པོ་རྣམ་པ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་རེད་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་རེད། ང་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་སྟོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ང་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་མི་རིགས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་མདུན་དུ་སྐྱོད་པར་འགན་ལེན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཁྱིམ་གཞིས་སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་བྱེད་པ། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པ་དང་། མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཝང་ཅུན་ཀྲེང་གིས། ད་ཐེངས་ཀྱི་གླེང་སྟེགས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བསམ་བློ་སྤེལ་རེས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས། འགོ་ཁྲིད་རྣམ་པ་དང་། སྐུ་མགྲོན་རྣམ་པ། གྲོགས་པོ་རྣམ་པ་བཅས་ཀྱིས་ཐབས་འདོན་ཇུས་འབུལ་ཧུར་ཐག་དང་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད་ལ། ཚང་མས་བོད་དུ་ལྟ་སྐོར་ལ་ཡོང་ནས་བོད་ལྗོངས་དྲིལ་བསྒྲགས་དང་འོས་སྦྱོར་ཧུར་ཐག་བྱས་ཏེ། འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དེ་བས་ཟབ་པ་དང་། བོད་ལྗོངས་དེ་བས་ལེགས་ལ་དེ་བས་མགྱོགས་པའི་སྒོ་ནས་འཛམ་གླིང་གི་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།
རིག་རྡོར་དང་བསྟན་བཟང་གིས་བསྒྱུར།