西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །མགྱོགས་མགྱོགས་བྱས་ན་འགོར་འགོར། ༄༅། །ཕ་ཡུལ་གྱི་རྣམ་པ་གསར་པ།

放大 缩小 默认

༄༅། །མགྱོགས་མགྱོགས་བྱས་ན་འགོར་འགོར།

□ 作者 ཉི་མ་ཆོས་གྲུབ།

ཞིང་ནང་གི་ལོ་ཏོག་ཚང་མ་བརྔས་ཟིན་ནས། སྤོ་རྒྱ་གཏོང(ཚར་མ་གཡུལ་ཁར་འདྲེན་པ)ལ་ཁད་ཀྱི་སྔ་ནུབ་ཅིག་ལ། བཅོ་ལྔའི་ཟླ་བ་ཤར་རིའི་རྩེ་ནས་ཐག་རྒྱང་གང་ཙམ་གྱི་སར་འཕགས་ཤིང་། བཀྲག་མདངས་ཆེ་བའི་ཟླ་བའི་འོད་སྣང་ལས་ཁོ་ར་ཁོར་ཡུག་ཀུན་རེ་ཞིག་ས་རིས་ཐང་གསལ་དུ་མངོན། ཟླ་བཀྲག་ཇི་ཙམ་གསལ་རུང་མཚན་དགུང་གི་མུན་པ་ཟབ་ས་ཞིག་ཏུ་སྐྱི་གཡའ་བའི་གནས་ཚུལ་ཞིག་འཇབ་ནས་ཡོད་པ་སུ་ཡི་བློ་ངོར་འཆར་སྲིད།

དེའི་ནུབ་མོ་ནང་མི་ཚང་མ་ཐབ་ཀྱི་འཁྲིས་སུ་སྒོར་འཁྱིལ་ལེར་བསྡད་དེ་དགོང་ཟས་ལ་རོལ་བ་དང་། ཨ་ཕྱི་དང་། ཨ་མ། ཨོ་ལོ་བཅས་ཀྱིས་ལྷག་སྒྲོན་ངེད་གཉིས་གྲལ་མགོར་སྡོད་དུ་བཅུག སྤོ་རྒྱ་གཏོང་ཁར། ཏག་ཏག་ལྷག་སྒྲོན་ངེད་གཉིས་པོ་གཡུལ་རོགས་ལ་སླེབས་པས། པཱ་ལགས་ནི་དགའ་ནས་ཞལ་ཡང་ཟུམ་མི་ཐུབ།

ཐུག་པ་བཏུངས་ཚར་མཚམས། པཱ་ལགས་སྒུག་བློས་མ་བཟོད་པར། ད་སང་ཉིན་སྤོ་རྒྱ་གཏོང་རན་པ་རེད། དོ་དགོང་ཟླ་དཀར་གསལ་ཐོག་ལ། ང་ཚོ་སྔོན་ལ་སྤོ་གཉིས་གསུམ་ཙམ་འདྲེན་པར་འགྲོ་ཞེས་གསུངས་གནང་བ་དང་། ཨ་མ་ངེད་གཉིས་ལ་འཕྲལ་དུ་ཐོན་དགོས་པའི་སྐུལ་མ་བྱས། པཱ་ལགས་མ་ལག་བདེ་བ་དང་སྒབ་ཟོར་ཡང་བས། ཁོ་བོ་ལག་ཤུབས་དང་སྟོད་ལྷེ་གྱོན་ཤུལ་རིང་པཱ་ལགས་ཀྱིས་ཨང་གསེས་དང་ཚར་མ་སྡོམ་ཆེད་ཀྱི་འབྲེང་ཐག་སོགས་མདོར་ན་ཚར་མ་དབོར་བྱེད་ལ་མཁོ་བའི་ཡོ་བྱད་ཆ་ཚང་གྲ་སྒྲིག་ཨང་གསར་བྱས་ཟིན་འདུག དེ་མུར་ཐོ་ཕྲུག་གི་གློག་སློང་བའི་སྒྲ་ཏོག་ཏོག་གྲགས་པ་དང་། རྟབ་རྟབ་པོར་མཐའ་ཞིང་གི་ཕྱོགས་སུ་སྤོ་འདྲེན་པར་བསྐྱོད།

དོ་ནུབ་ཟླ་བཀྲག་ཤིན་ཏུ་གསལ་བས། མདུན་ངོས་ཀྱི་ལམ་ཆུང་མཐའ་དག་མིག་ལམ་དུ་སྐྱ་ཐིང་ངེར་གསལ་བ་དང། ཟླ་འོད་སྒང་གཤོངས་མེད་པར་འཕྲོས་པས་ཞིང་གྲོང་གི་མཚན་མོའི་ཡུལ་ལྗོངས་ཀྱང་ཉིན་མོ་ལྟར་སྣང་བར་བྱས། དོ་དགོང་ང་ཚོ་ལྐོག་ལ་ཚར་མ་དབོར་བར་ཕྱིན་པ་དེ་གྲོང་པ་ཁྱིམ་མཚེས་ཚོས་ཤེས་མེད་ལས་ཆེ། ཞིང་ཐང་གི་ལམ་ཆུང་སྟེང་མི་ཟླ་གསུམ་པོ་བྱང་ལྷགས་ལ་ཁ་གཏད་ནས་ཤར་རེར་བསྐྱོད་དུས། སེམས་ལ་གྲང་ཅང་ཅང་གི་སྣང་བ་ཞིག་འགོག་མེད་དུ་སྦྱིན་འོང་། དོ་ནུབ་མཐའ་ཞིང་གི་སྒང་ལ་བྱང་ལྷགས་འུར་འུར་དུ་ལྡང་ནའང་། ང་ཚོས་ཇི་མི་སྙམ་པར་ཚར་མ་བཤུག་མཁན་གྱིས་ཚར་མ་བཤུག་པ་དང་། ཚར་མ་རྩིག་མཁན་གྱིས་ཚར་མ་བརྩིགས་མཐར། ཐོ་ཕྲུག་གི་ལྕགས་གཞོང་ཐོག་ཚར་མའི་ཕོན་ལྕོག་མཐོན་པོར་འཕགས། དེ་ནས་ཁོ་བོས་འབྲེང་ཐག་སྦོམ་པོ་དེ་པཱ་ལགས་ལ་བཤུག་པ་དང་དེ་མུར་ཤེད་ཤུགས་གང་ཡོད་བཏོན་ནས་ཚར་མ་ཐག་པས་སྡོམ་རྩིས་བྱེད་སྐབས། གློ་བུར་དུ་ཚག་སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས་པཱ་ལགས་ཚར་མའི་སྒང་ནས་ས་ལ་ཟགས།

གློ་བུར་དུ་གནས་ཚུལ་དེ་ལྟ་བུ་ཐོན་པས། ཨ་མ་སྐྲག་ཐག་ཆོད་ནས་དབང་མེད་དུ་སྐད་ངན་ཤོར་བ་དང་། ལག་ནང་གི་ཐག་པ་སྡོམ་འཕྲོ་ཡང་རང་སར་བསྐྱུར་ཏེ། རྒྱུག་མ་མཆོངས་ཀྱིས་པཱ་ལགས་སྐྱོར་བར་ཕེབས། ཁོ་བོ་ནི་རེ་ཞིག་བླ་གྱར་བ་ལྟར་ག་བྱེད་འདི་བྱེད་མེད་པར་ལུས། ཕལ་ཆེར་གནད་ཆེ་ས་གཅིག་བརྡབ་པ་འདྲ་སྟེ། ན་ཟུག་གིས་སྐད་མི་ཐོན་པ་དང་ཞལ་ཡང་གྲགས་མི་ཐུབ་པར་གྱུར་འདུག པཱ་ལགས་ཀྱིས་ཨ་ན་ཨུ་ཚུགས་ཀྱིས་ཡར་བཞེངས་རུང་། རྐང་པ་ཡག་པོ་འཛུགས་མི་ཐུབ་པར་ཨེན་ཙམ་མིན་ན་ཡང་བསྐྱར་ས་ལ་འགྱེལ་གྲབས་བྱས།

དེ་འཕྲལ་ཨ་མ་ངེད་གཉིས་ཀྱིས་པཱ་ལགས་ཀྱི་གཞོགས་གཉིས་ཀྱི་མཆན་ཁུང་འོག་ནས་བསྐྱོར་ཏེ། ཚར་མའི་ཕོན་ལྕོག་ལ་ཉལ་མ་བསྙེས་སུ་བཀར་ནས་སྡོད་དུ་བཅུག་པ་དང་། ལྷགས་ཕྱོགས་ལ་རྒྱབ་བསློགས་ནས་ཅུང་ཟད་ངལ་གསོ་རུ་བཅུག་ཅིང་། ཁོང་གི་ལུས་ཀྱི་ཟུག་རྔུ་གང་མགྱོགས་འཇགས་ན་ཅི་མ་རུང་ཨང་སྙམ།

མི་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་སྐབས། ཀླད་པའི་ནང་གང་ཡང་དྲན་སྲིད་པས། ཁོ་བོས་དེ་འཕྲལ་ཨ་མར། ཨ་མ་རང་འདི་རུ་པཱ་ལགས་དང་མཉམ་དུ་སྡོད་ཨང་། ངས་ལམ་སེང་ནང་ལ་ལོག་ནས་མོ་ཊ་བཏང་ཡོང་ཞེས་བཤད་ནས། དེ་མུར་རྒྱུག་ཤར་གློད་དེ་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད།

ཁྱིམ་གྱི་ཐེམ་པ་འགོམ་སྐབས། སྟབས་མ་ལེགས་པའི་གནས་ཚུལ་དེ་ཨ་ཕྱིས་ཤེས་པར་དོགས་ནས། ག་ལེར་རྐང་འཇབ་ལག་འཇབ་ངང་སྐྱོ་རའི་ནང་འཛུལ་བ་དང་། མོ་ཊ་བཏང་ནས་ཏ་ཡུ་ཡུར་པོའི་སྒང་ཟུར་དུ་སླེབས་སྐབས། གློག་འོད་ཀྱི་འཕྲོ་ཕྱོགས་ལས། མདུན་ངོས་སུ་སྐྱ་ཡུག་ཡུག་བྱེད་མཁན་ཞིག་ཡོད་སྣང་འཆར་བས། དེ་མུར་རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་། ཉེ་སར་སླེབས་དུས་ད་གཟོད་པཱ་ལགས་དང་ཨ་མ་ལགས་ཡིན་པ་གཞི་ནས་རྟོགས།

ཁོ་བོས་འཛེར་སྒྲ་དང་བཅས་མོ་ཊའི་ཁ་བཀག་པ་དང་། སྒོ་ཕྱེ་ནས་མ་ལག་བདེ་པོས་པཱ་ལགས་ཀྱི་གཞོགས་གཡས་ནས་བསྐྱོར་ཏེ། མོ་ཊའི་ནང་བཞུགས་སུ་བཅུག་པ་དང་། དེ་མུར་གློག་སྤར་ནས་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད།

ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་འདི་འདྲར། ང་ཚོ་གསུམ་མ་གཏོགས་འགྲུལ་བཞུད་བྱེད་མཁན་སུ་ཡོད། ཁོ་བོས་མོ་ཊའི་ཁ་ལོ་གཅུས་ཀྱིན། ཨ་མ་དང་པཱ་ལགས་ལ་རང་སར་བསྒུགས་ནས་མི་སྡོད་པ་ཅི་ཡིན་ཞེས་ལབ་འདོད་ཤིན་ཏུ་ཆེ་ཡང་། པཱ་ལགས་ཀྱི་བཞིན་ལས་ཐལ་མདོག་ཐོན་པ་མཐོང་དུས། མཆུ་རྩེར་སླེབས་པའི་གཏམ་དག་མིད་ཁྱུར་གཏོང་དགོས་ཐུག

ལམ་ཆུང་ཐོག་བྱ་འཕུར་བ་ལྟར་བསྐྱོད་བསྐྱོད་མཐར་རང་ཁྱིམ་གྱི་སྒོ་རྩར་འབྱོར། མོ་ཊ་རྡུལ་འཚུབ་བེར་སྐྱོ་རའི་ནང་ཁ་བཀག ང་ཚོས་པཱ་ལགས་ཀྱི་གཡས་གཡོན་གཉིས་ནས་བསྐྱོར་ཏེ་སྐས་ཀ་ནས་འཛེག་སྐབས། སྒུན་ཡུན་མ་ལྕོགས་པར་འཚབ་བེ་འཚུབ་བེར་ལུས་པའི་ཨ་ཕྱིས་ད་གཟོད་པཱ་ལགས་མཐོང་བ་དང་ངའི་ཨོ་ལོ་ཞེས་དབང་མེད་དུ་སྐད་ཤོར།

པཱ་ལགས་ཐབ་ཚང་གི་གདན་ཐོག་ཏུ་འཁོད་ཟིན་ནའང་། ཨ་ཕྱི་ད་དུང་ཉེ་བར་བཅར་མ་བཟོད་པར་སྒོའི་རུ་ལ་བསྙེས་ནས་བཞེངས་བཞེངས་པར་བཞུགས། གང་ཙམ་ནས་ཨ་ཕྱིས། ངས་ད་གིན་ནས་མ་འགྲོ་ཞེས་བཤད་ཀྱང་མ་ཉན་པར་ཕྱིན་སོང་། ཆག་སྒོ་དེ་འདྲ་ཞིག་ཡོང་བ་ཡོད། དོ་དགོང་གི་ལས་ཀར་ཆོ་ག་རེ་བྱུང་སོང་། ཨོ་ལོ་དྲེད་པོ་འདི་ཡིན་ནཱ་ཞེས་ལག་པ་པང་གདན་ལ་རྡེབ་བཞིན་དུ། ངུ་ངག་འདྲེས་མས་བཀའ་བཀྱོན་བཏང་། ཡུད་ཙམ་རིང་མི་ཚང་མ་པཱ་ལགས་ལ་བལྟས་ནས་ཁ་རོག་གེར་སྡོད་རྒྱུར་ཟད། གང་ཙམ་སོང་རྗེས་ཨོ་ལོ་བདེ་སྐྱིད་ཀྱིས། པཱ་ལགས། ད་དེ་འདྲ་བྱས་ནས་མ་སྡོད། ཨ་ཇོའི་མོ་ཊ་ཡོད་ཐོག་ལ་དོ་དགོང་སྨན་ཁང་ལ་བརྟག་དཔྱད་བྱེད་པར་ཕྱིན་ན་ཡག་པ་མེད་འགྲོ་ཞེས་གྲོས་འགོ་བཏོན་པར། ཚང་མས་འཐད་པའི་བརྡ་ལ་མགོ་བོ་ལྕོག་ལྕོག་བྱེད་བཞིན། བདེ་སྐྱིད་ཀྱི་སྐད་ཆར་མོས་མཐུན་བྱས། ཁོ་བོས་མྱུར་སྟབས་ཀྱིས་ཀ་བཞིའི་ནང་བརྒྱུགས་ནས་པཱ་ལགས་ལ་སྟོད་ཐུང་གྲ་སྒྲིག་བྱས་པ་དང་། སླར་ཡང་ཤོད་དུ་བབས་ནས་མོ་ཊའི་གློག་སྤོར་བར་བསྐྱོད། ཨ་མས། སྨན་ཁང་གི་འགྲོ་ལུགས་གཉེར་སྟངས་ཕྲུ་གུ་མཁས་པ་ཡོད་ཅེས་གསུངས་ཏེ། པཱ་ལགས་ཀྱི་རོགས་ཟླར་ལྷག་སྒྲོན་དང་བདེ་སྐྱིད་ཆེད་དུ་མངགས།

རྫོང་སྨན་ཁང་གི་ཐོག་དཔངས་མཐོ་བའི་ཁྱམས་རའི་ནང་གོམ་པ་སྤོ་དུས། སེམས་ལ་གཡའ་ལྷང་ལྷང་གི་ཚོར་སྣང་ཞིག་སྦྱིན་འོང་། མཚན་དགུང་འདིར་སྨན་ཁང་དུ་ང་ཚོ་མ་གཏོགས་ནད་པ་གཞན་སུ་ཡང་མེད་པས། དེ་བས་ཡུལ་ཡུལ་པོའི་སྣང་བ་ཞིག་དབང་མེད་དུ་སྐྱེས། སྟབས་ལེགས་པ་ཞིག་ལ། སྨན་ཁང་གི་སྡོད་བྱ་ཁང་དུ་ལས་རེས་སྨན་པ་གཞོན་ནུ་ཞིག་ཡོད་པར། ཁོང་ལ་གནས་ཚུལ་གྱི་སྔ་ཕྱིའི་འབྱུང་རྐྱེན་གསལ་བཤད་ཞིབ་པར་ཞུས་པས། སྨན་པ་གཞོན་ནུ་དེས་ང་ཚོ་ཐད་ཀར་གློག་པར་རྒྱག་སར་ཁྲིད་བྱུང་། གློག་པར་ནི་མིག་ཡུད་ཙམ་ཞིག་ལ་བརྒྱབ་ཚར་སོང་བས། ང་ཚོས་ཁྱམས་རའི་རྐུབ་སྟེགས་ཐོག་ངལ་གསོས་ནས་བརྟག་དཔྱད་འབྲས་བུ་དོན་པར་བསྒུགས།

གང་ཙམ་ནས་སྨན་པ་གཞོན་ནུ་དེ་བརྟག་དཔྱད་ཁང་གི་སྒོ་ཁར་ཐོན་བྱུང་། ཁོང་གིས་ལག་ཏུ་ཤོག་ལྷེ་ལྷེབ་ཙམ་ཞིག་འཁྱེར་བ་དང་། བརྟག་དཔྱད་ཀྱི་འབྲས་བུ་འདི་གཙོ་བཅོས་སྨན་པར་སྟོན་དགོས། མདུན་གྱི་དེ་གར་རེད། ད་རྒྱུགས་ཤིག་ཅེས་ཕྱིར་སྤྲད། བདེ་སྐྱིད་ཀྱིས་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱས་ཏེ་གཙོ་བཅོས་སྨན་པ་གར་ཡོད་རྩད་བཅད་པ་དང་། བརྟག་དཔྱད་ཀྱི་སྤ་སེ་ཨེམ་ཆིར་བསྟན་པར། ལོ་རྒན་ཙམ་ཡིན་པའི་ཨེམ་ཆི་དེས་ཤོག་ངོས་ཀྱི་ཡི་གེར་ལྟ་ཙམ་དང་ལུས་པོ་གཅུས་ཙམ་བྱས་ཏེ་ངག་འཇམ་པོས། བརྟག་དཔྱད་བྱས་པའི་འབྲས་བུར་པཱ་ལགས་ཁྱེད་རང་གི་སྒལ་པའི་རྩིབས་མ་གསུམ་ཆག་འདུག སྔོན་ལ་རུས་ཟུག་གཅོག་བྱེད་ཀྱི་སྨན་ཞིག་ཐོངས་དང་། ན་ཚ་ལྕི་པོ་མིན་པས་སྨན་ཁང་དུ་སྡོད་དགོས་མེད། འགུལ་སྐྱོད་མ་བཏང་བར་ངལ་གསོ་ལྷོད་ལྷོད་རྒྱག་དགོས། དེ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཆུ་ཚན་རྒྱག་པར་རྒྱུགས་དང་དྲག་སྐྱེད་མགྱོགས་པ་ཡོང་ཞེས་གསུངས། ང་ཚོས་སྨན་པའི་མངག་ཆ་བཞིན་སྨན་རིན་རྩིས་བརྒྱབ་པ་དང་སྨན་བླངས་ཏེ་ནང་ལ་ལོག ད་རེས་པཱ་ལགས་སྨན་ཁང་དུ་སྡོད་དགོས་མ་བྱུང་སྟབས། ང་ཚོའི་སེམས་པ་གཞི་ནས་ལྷོད་ལ་བབས།

ན་ཟུག་མྱོང་མཁན་པཱ་ལགས་གཅིག་པུ་ཡིན་ཡང་། ནང་མི་གཞན་རྣམས་པཱ་ལགས་ཀྱི་གཟུགས་པོར་སེམས་ཁྲལ་ཆེན་པོ་བྱུང་སྟེ། མཚན་གང་གཉིད་ཡེ་ནས་མ་ཁུག ད་ལོ་སྤོ་རྒྱ་གཏོང་མཚམས་འདིར། པཱ་ལགས་ལ་བར་ཆད་འདི་འདྲ་ཞིག་འཕྲད། ནམ་རྒྱུན་ཡིན་ན་སོ་ནམ་ཞིང་ལས་པཱ་ལགས་ནས་འགན་ཁུར་ཏེ་གཅུ་རིལ་རིལ་བཟོས་གནང་གི་ཡོད་པས། སྟོན་ལས་རྗེས་སུ་ལུས་དོགས་ཀྱི་སེམས་ཁྲལ་ཡེ་ནས་མེད་མོད། འོན་ཀྱང་ད་ལོ……

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明