སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོང་བོད་བརྟན་བོད་དར་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་ཕྱག་བྲིས་ཕྱག་བསྟར་མ་གནང་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་མཉམ་དུ་རྩོམ་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་དེས་བོད་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་འགག་རྩའི་གནས་བབ་གཏིང་ཟབ་མངོན་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བསྲུངས་ནས་བོད་འཕེལ་རྒྱས་ཡོང་བར་རྩ་བའི་འགན་སྲུང་བརྟན་དུ་གཏོང་དགོས། བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཡོད་པས་གངས་ལྗོངས་ས་མཐོར་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་བར་འགྱུར་ལྡོག་ཆེན་པོ་གཞི་ནས་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་ས་གནས་ཁག་དང་མཉམ་དུ་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཡོད། མིག་སྔར་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་པས་མི་རིགས་མཐུན་སྒྲིལ་ལ་དེ་བས་ཤུགས་སྣོན་བརྒྱབ་ནས། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་བྱ་གཞག་ཁག་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། བོད་ཀྱི་ལོ་ངོ་60ཡི་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྒྲོག་སྤེལ་རྒྱ་ཁྱབ་བྱེད་པ་དང་། དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་དེ། དེ་དག་ལ་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སྐལ་བཟང་མེ་ཏོག་ལྟར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་རྩ་བ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། བོད་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱས་པ་དང་། རྫོང(ཆུས་དང་གྲོང་ཁྱེར)30ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)ལ་འཛུགས་གཏོད་བྱས་པ། ཚན་པ་ཁག་54རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་མིང་བཏགས་ཡོད། འབྱུང་འགྱུར་རྒྱུན་མཐུད་ཤུགས་བརྒྱབ་ནས་མི་རིགས་ཁག་གིས་དཔལ་འབྱོར་དང་རིག་གནས་སོགས་ཐད་ཀྱི་ཕྱོགས་གཉིས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མི་རིགས་ཁག་གིས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྐྲུན། མཉམ་སྤྱོད། མཉམ་སྒྲུབ། མཉམ་རོལ་བཅས་ཁྲོད་ཤེས་རྟོགས་སྔར་བས་གཏིང་ཟབ་དང་ཐུན་མོང་ངོས་འཛིན་གཅིག་ཏུ་འདུ་དགོས།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་བ་ནི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། སྐད་བརྡ་འཕྲོད་ཚེ་གཞི་ནས་སེམས་པ་གཅིག་ཏུ་སྒྲིལ་ཐུབ། བོད་ཀྱིས་མི་རིགས་ས་ཁུལ་དུ་སྔོན་ལ་སློབ་གྲྭ་འབྲིང་ཆུང་གི་རྒྱལ་ཁབ་ཀྱི་གཅིག་གྱུར་བསླབ་གཞི་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་པར་གཞིའི་བསླབ་གཞི་ཡོངས་སུ་ཁྱབ་པར་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་པོ་སླེབས་ཀྱི་ཡོད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྔར་བས་རྒྱ་ཆེ་བའི་འཛམ་གླིང་ཞིག་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་བཏོད་དེ། མི་རིགས་ཁག་གི་རིག་གནས་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། བརྩེ་སེམས་གཅིག་མཐུན་དང་མཐུན་སྒྲིལ་རོགས་ལས་ལ་སྔར་བས་སྐུལ་འདེད་ཀྱང་བཏང་ཡོད།
ད་ཆ་བོད་དུ་མི་རིགས་40ལྷག་ཙམ་དེ་གར་མཉམ་དུ་འདུས་སྡོད་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་ཇ་བསྲུབས་མའི་ནང་གི་མར་དང་ཇ་ལོ་བཞིན་ཚང་མ་གཅིག་སེམས་གཅིག་ལ་བསྒྲིལ་ཡོད། དུས་རབས་གསར་པའི་རྒྱང་ལམ་རླབས་པོ་ཆེའི་ཐོག ང་ཚོས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་ཐུབ་ངེས་རེད།
མཚམས་གཅོད་ཀྱིས་བསྒྱུར།