དཔྱིད་ཀྱི་དཔལ་མོ་ཤར་སོང་། བདག་གི་ཕ་ཡུལ་ནགས་ཤོད་གཤམ་ཆུ་རུ་གསོན་ཤུགས་ཀྱི་རྣམ་པས་ཁེངས་འདུག
དཔྱིད་ཀྱི་དཔལ་མོ་རྒྱས་སོང་། འོད་ཟེར་སྟོང་ལྡན་གྱི་ཉི་འོད་ཀྱིས་ཕ་ཡུལ་གྱི་དྭངས་གཙང་ཆུ་མོའི་ཐོག་གི་མེ་ལོང་ལྟར་ངོས་འཇམ་པའི་འཁྱགས་རོམ་བཞུར་བ་དང་། བརྗིད་ཆགས་ལྡན་པའི་རི་བོ་ཡང་དངུལ་དཀར་གྱི་གྱོན་ཆས་ཕུད་ནས་རྩྭ་ཕྲན་གསར་པ་ཐར་ཐོར་དུ་སྐྱེས་པའི་སྔོ་ལྗང་གི་ན་བཟའ་ཞིག་གྱོན། དེ་ནི་རང་ཉིད་ཀྱི་གོས་གསར་སྤོབས་པ་ཆེན་པོས་གཞན་ལ་ངོམ་སོ་བྱེད་པ་དང་ཅིས་མི་མཚུངས། རྩྭ་ཐང་གི་བདག་པོ་རྟ་ནོར་ལུག་གསུམ་ཡང་རིམ་བཞིན་འཕེལ་ཁ་མང་བ་དང་། ཡུན་རིང་རེ་སྒུག་བྱས་པའི་ནམ་དུས་ཤར་བས་འབྲོག་པའི་སེམས་ཀྱི་འཁྱགས་རོམ་བཞུར་ནས་ཞལ་རས་ལས་སྤྲོ་དགའི་འཛུམ་མདངས་མངོན། ཞིང་པ་རྣམས་ཀྱི་སེམས་ལ་རེ་སྨོན་དང་སེམས་ཤུགས་ཀྱིས་ཁེངས་ཤིང་། ལོ་ཏོག་བཏབ་ནས་སྟོན་དུས་སུ་འབྲས་བུ་ལེགས་པོ་བསྡུ་རྒྱུའི་སྟ་གོན་བྱེད་བཞིན་འདུག །དྭངས་གསལ་ལྷ་ཡི་འཐུང་ཆུ་དང་འདྲ་བའི་སྦྲང་ཆར་སིལ་མ་ཟིམ་ཟིམ་དུ་ས་གཞི་ཡོངས་ལ་བབས་པས། ངའི་སེམས་སུ་དེ་ནི་ཕྱུགས་རིགས་ཤ་ཤེད་རྒྱས་ཤིང་འཕེལ་ཁ་མང་བ་དང་འབྲུ་ཡི་སྙེ་མ་དབྱར་མཚོ་ལྟར་རྒྱས་པའི་རྟགས་མཚན་དུ་འདོད་པས། ཞིང་ལ་ལོ་ལེགས་འབྱུང་བ་དང་། ཕྱུགས་ལ་གོད་ཁ་མེད་པ། མི་ལ་བསམ་དོན་འགྲུབ་པའི་བཀྲ་ཤིས་ཀྱི་སྨོན་ཚིག་སྙིང་ནས་འབུལ་བར་འདོད།
དཔྱིད་ཀྱི་དུས་སུ། བདག་གི་ཕ་ཡུལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་ལྷ་རི་མདོ་གསུམ་མདོ་དང་སྙན་གྲགས་ཤིན་ཏུ་ཆེ་བའི་རི་བོ་ཁམས་ཤག་ནི་སྐྱེ་སྟོབས་དཔལ་ཡོན་རབ་ཏུ་རྫོགས་ཤིང་། ཁམས་ཤག་ལ་མཚོན་ན་རི་བོའི་རྩེ་མོར་མཚོ་ཆུང་དུ་མས་བརྒྱན་ཞིང་། ཤོད་སྲོལ་དུ་མཚོ་མོའི་མཐའ་སྐོར་ནས་མཚོ་ལུག་གི་འབའ་སྒྲ་དང་མཚོ་ནོར་གྱི་ངུར་སྒྲ། རྟ་ཕོའི་མཚེར་སྐད་སོགས་ཐོས་ཐུབ་ཟེར་བས། མི་མང་པོ་མཚོ་མོ་དར་ཁ་ཕྱེས་རྗེས་མཚོ་མཇལ་དུ་འགྲོ་གི་ཡོད། དེར་ད་དུང་གླིང་རྗེ་གེ་སར་གྱི་ཞབས་རྗེས་ཡིན་ཟེར་བའི་ཕ་བོང་ཁྱད་པར་བ་ཞིག་ཀྱང་མཇལ་རྒྱུ་ཡོད་ལ། རྩི་ཤིང་སྨན་རྩྭའི་རིགས་དུ་མ་ཞིག་ཀྱང་སྐྱེ་བས། དཔྱིད་ཀྱི་དུས་སུ་དེ་གར་མི་ཚོགས་ལྷོ་སྤྲིན་བཞིན་འཁོར།
རེད་ཨང་། གོ་ལ་རིལ་མོ་འདིའི་ཐོག་གི་མི་སུ་ཞིག་ཡིན་ཡང་ལས་ཀྱིས་བསྐོས་པའི་ཕ་ཡུལ་རེ་ཡོད་སྲིད་ལ་ཕ་ཡུལ་དེ་ལ་བརྩེ་བ་ཟབ་མོ་ཡོད། འོན་ཀྱང་མི་ལ་ལས་རང་གི་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་པང་དུ་ལེན་པ་ནི་ངས་བསམ་ན་ཐབས་རྡུགས་ཀྱི་བྱ་བ་ཞིག་རེད་བསམ་གྱི་ཡོད། ང་ཚོ་ནི་རྩྭ་ཐང་གི་ཅོ་ཀ་བཞིན་དུ་དུས་བཞི་དབྱེར་མེད་དུ་ཕ་ཡུལ་དང་ལྷན་དུ་སྐྱིད་སྡུག་མཉམ་རོལ་བྱེད་པའི་སྙིང་སྟོབས་ལྡན་དགོས། ངས་ཧ་གསལ་པོ་གོ་གི་ཡོད། ཕ་ཡུལ་དང་གྲོང་ཁྱེར་གྱི་འཕེལ་རྒྱས་བསྡུར་ན་གནམ་སའི་ཁྱད་པར་ཡོད་མོད། ཕ་ཡུལ་དུ་མི་རབས་ནས་མི་རབས་རྒྱུད་པའི་སྙན་འཇེབས་ཀྱི་ངག་སྒྲུང་ཡོད་ལ། རང་ཉིད་འཚར་ལོངས་བྱུང་བའི་ལོ་ཟླའི་རྐང་རྗེས་ཡོད། རང་ཉིད་ཀྱི་ཐོག་དང་པོའི་དགའ་བ་བྱུང་བའི་དགོད་སྒྲ་དང་སྐྱོ་བ་སྐྱེས་པའི་ངུ་ངག་གྲངས་ལས་འདས་པ་ཞིག་ཀྱང་ཕ་ཡུལ་གྱི་ལ་ཐང་ཀླུང་གསུམ་ཐོག་ས་རྡུལ་བཞིན་སིམས་ཡོད་པས། ངའི་སེམས་སུ་དེའི་རིན་ཐང་ནི་གཞལ་དུ་མེད་པ་ཞིག་ཡིན།
གལ་སྲིད་ཁྱོད་རང་དཀའ་སྡུག་གིས་ཡིད་སེམས་མུག་པར་བྱས་ན། གཡུ་ཡི་མན་ཌལ་ཕྱིས་འདྲའི་ངའི་ཕ་ཡུལ་གྱི་མཚོ་མོར་ལྟ་བར་ཤོག་དང་། ལུས་ཀྱི་ངལ་དུབ་སེལ་ཞིང་ཡིད་ཀྱི་གདུང་བ་སངས་ངེས་ཡིན་ལ། ལས་དང་དམ་ཚིག་མཐུན་ན་མཚོ་མོའི་ཁ་ནས་མཚོ་ལུག་ཀྱང་མཇལ་ཁ་ཐུབ་པའི་ཤོད་སྲོལ་འདུག་ལ་ད་དུང་རྩྭ་ཕྲན་གསར་པ་མགོ་བོ་ཀྲོང་ཀྲོང་གིས་འབུས་བཞིན་ཡོད། དཔྱིད་ཀ་ས་དྲོད་སླེབས་པ་དང་ཡངས་པའི་ས་གཞི་ཆེན་མོ་སྐྱེ་སྟོབས་ཀྱི་དཔལ་ཡོན་བཀྲ། ཁྱེད་རང་ཁོམ་པ་བྱུང་ན་རང་བྱུང་ཁམས་སུ་གཟིགས་བསྐོར་ལ་ཕེབས་དང་། ཡིད་འཕྲོག་གི་མཛེས་པས་ཁྱོད་ལ་འཛད་དུ་མེད་པའི་སྤྲོ་སྣང་ཞིག་སྦྱིན་ངེས།
དཔྱིད་ཀའི་དུས་སུ། བདག་གི་ཕ་ཡུལ་ནི་གསར་སྐྱེས་ཀྱི་བྱིས་པ་དང་འདྲ་བར་ཀུན་གྱི་དགའ་བསུ་ཐོབ་ཅིང་། དར་བབས་ཀྱི་གཞོན་ནུ་ཇི་བཞིན་སྐྱེ་སྟོབས་ཀྱི་ཁོ་ལག་རྫོགས། མཆོར་སྒེག་གི་སྨན་ཆུང་བཞིན་དུ་ལང་ཚོའི་མཛེས་པས་ཕྱུག དཔྱིད་ཀྱི་ཕ་ཡུལ་ནི་མི་ཡུལ་གྱི་སུམ་རྩེན་གནས་ལྟ་བུ་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།