西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བཤེས་གཉེན་ལགས། ངས་ཁྱེད་ལ་འདི་ལྟར་བརྗོད་འདོད། ༄༅། །དྲིན་ཆེན་གྱི་ཡུམ་ཆེན་ལགས། ༄༅། །ཕ་ས་ཕ་ཡུལ། ༄༅། །བདག་གི་ཕ་ཡུལ་དུ་དཔྱིད་ཀྱི་དཔལ་མོ་ཤར།

放大 缩小 默认

༄༅། །དྲིན་ཆེན་གྱི་ཡུམ་ཆེན་ལགས།

□ 作者 བསོད་ནམས་བཀྲིས།

ལྷག་བསམ་གངས་རི་ལས་དཀར་ཞིང་བརྩེ་བ་རྒྱ་མཚོ་ལས་ཟབ་པའི་དྲིན་ཆེན་ཡུམ་ཆེན་ལགས། ཁྱེད་ཀྱིས་ང་ལ་བསྩལ་བའི་མི་ལུས་རིན་ཆེན་གྱི་ཚེ་སྲོག་གནང་བ་ནས་བཟུང་། ང་རང་ཐེངས་དང་པོར་འཇིག་རྟེན་མི་ཡུལ་འདིར་སླེབས་ཤིང་། མི་ཚེའི་སྐྱིད་སྡུག་གི་བྲོ་བ་རེ་རེ་ཡང་མྱངས་འགོ་ཚུགས།

འཚར་ལོངས་ཀྱི་ལོ་ཟླའི་བརྒྱུད་རིམ་ཁྲོད་དུ་བྱམས་ལྡན་མ་ཡི་གདོང་ལ་བསུབ་ཐབས་མེད་པའི་རྒས་གཉེར་དང་དབུ་སྐྲ་དཀར་པོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཞིང་། བུད་མེད་ཀྱི་མཛེས་སྡུག་ལང་ཚོ་ཡང་ཡལ། ཁྱེད་ཀྱིས་བུ་ཡི་དོན་དུ་ཉིན་མཚན་ལྟོས་མེད་ཀྱིས་སྐུལ་ངལ་བསྐྱོན་ཅིང་། སྐྱིད་པའི་གཉིད་མ་ཁུག་ལ་ཞིམ་པའི་ཟས་ཀྱང་བཟའ་མ་མྱོང་། མཛེས་འཇམ་གོས་ཀྱང་མི་གྱོན་པར་ཚང་མ་གཅེས་ཕྲུག་ང་ཡི་འཚོ་གོས་ཆེད་དུ་སྐུ་ལས་བསྐྱོན།

དྲིན་ཆེན་ཨ་མ་ཁྱེད་ཀྱིས་ང་རང་བྲང་འོ་མའི་ཞིམ་མངར་བཅུད་ཀྱི་གསོས་ཤིང་། མཚན་མོར་སེམས་དང་ཉིན་མོར་མིག་གིས་བསྐྱངས། དེ་ལྟར་ངའི་ཚེ་སྲོག་གི་ས་བོན་ཨ་མ་ཁྱེད་ཀྱི་མངལ་ལས་འབུས་ཤིང་སྐྱེ་གཟུགས་ཀྱི་ལང་ཚོ་ཁྱེད་ཀྱི་པང་ནས་རྒྱས།

དྲིན་ཆེན་ཡུམ་ཆེན་ལགས། ཞོགས་པའི་སྐྱ་རེངས་ཀྱི་འཛུམ་ཟེར་མཁའ་ལས་འཕྲོས་ཤིང་དྲོད་འཇམ་གྱི་དྲོ་སྐྱིད་བུ་ངར་ཁྱབ་དུས་ངས་ཁྱེད་ཀྱི་བརྩེ་བ་མངར་མོའི་ཤ་དྲོད་དེ་དྲན་བྱུང་། ལྕང་གླིང་དང་ནགས་ཚལ་གྱི་གསེབ་ནས་ཁུ་བྱུག་གི་སྐད་སྙན་གྲགས་དུས། ངས་ཁྱེད་ཀྱིས་གནང་བའི་དུང་སེམས་འདྲེས་མའི་བསླབ་བྱ་དག་གནམ་གྱི་རྒྱུ་སྐར་བཞིན་དུ་ལྷང་ངེར་དྲན་བྱུང་། གྱེས་བྲལ་གྱི་ལོ་ཟླ་འདིར་དྲན་གདུང་གི་མིག་ཆུ་དྲོན་མོ་སྔས་འབོལ་བརླན་པ་ཐེངས་འགའ་མིན།

དྲིན་ཆེན་གྱི་ཡུམ་ཆེན་ལགས། ངའི་ཤ་ཁྲག་གི་ཕུང་པོ་བསྐྲུན་མཁན་གྱི་ཨ་མ། ཚེ་སྲོག་གི་གསེར་སྐུད་སྲུང་བའི་ཨ་མ། འོད་ཟེར་གྱི་ལམ་བུ་སྟོན་མཁན་ཨ་མ། ངས་རང་ཉིད་ལས་ལྕི་བའི་སེམས་པ་འཁུར་ཏེ་རྫ་རི་དང་། གངས་འཁྱགས། ཁ་བ་བུ་ཡུག་ཁྲོད་དུ་ཁྱེད་ཉིད་དྲན་གདུང་གི་མིག་ཆུའི་མཚོ་མོ་བསྐྱིལ།

དྲིན་ཆེན་གྱི་ཡུམ་ཆེན་ལགས། སྦྲང་རྩམ་དང་མར་ཁུའི་བཅུད་ཀྱི་ཞིམ་མངར་ལ་རོལ་ཐེངས་རེར་ཨ་མ་ཁྱེད་ནི་ངའི་ཕྱིར་དྲན་གྱི་སྤང་ཐང་ན་བྱམས་བརྩེ་དང་བཀའ་དྲིན་གྱིས་བསྐྱངས་པའི་གངས་དཀར་མེ་ཏོག་ཉག་ཅིག་དེ་རང་ཡིན་ནོ། །

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明