西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བྱེད་སྒོར་ཞུགས་རྒྱུ་ནི་ཨང་ལོན་རྒྱུ་ཁོ་ནའི་ཆེད་དུ་ཡིན་ནམ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་ འཁྱོངས་དང་དོན་འཁྱོལ་བྱེད་དགོས། ༄༅། །སྟོན་དུས་ཀྱི་ཕ་ཡུལ།

放大 缩小 默认

༄༅། །སྟོན་དུས་ཀྱི་ཕ་ཡུལ།

□ 作者 འཆི་མེད་གཡང་འཛོམས།

འབྲས་བཟང་སྙེ་མ་ལྕི་བས་མགོ་བོ་གུག །མགོ་ལྕོག་ལྡེམ་ལྡེམ་བདག་པོ་འབོད་པ་འདྲ། །སོ་ནམ་ཞིང་པ་བརྔ་བསྡུའི་ལས་ལ་བྲེལ། །འབྲུ་མཛོད་འབྲུ་ཡིས་ཁེངས་པས་འཛུམ་དམུལ་དམུལ། །

དེ་རིང་ང་ཚོ་ཕ་ཡུལ་དུ་ལོག་པའི་ལམ་ལ་ཞུགས། གང་ཡིན་ཞེ་ན་ང་ཚོ་རྒྱལ་སྟོན་དུས་ཆེན་རིང་ཉིན་བདུན་ཙམ་ངལ་གསོ་བཞག་པས་རེད། དུས་རྒྱུན་ཡིན་ན་སྤྱིར་བཏང་ང་ཚོ་དབྱར་དགུན་གྱི་གུང་གསེང་སྐབས་མ་གཏོགས་ཕ་ཡུལ་དུ་ལོག་རྒྱུ་མེད་མོད། ད་ཐེངས་ངལ་གསོ་ཡུན་རིང་ཙམ་བཞག་པས། ང་ཚོ་ཕྲུ་གུ་བཞི་པོ་ཕ་ཡུལ་ལ་ལོག་འདོད་ཆེན་པོ་བྱུང་། ཕ་མ་གཉིས་ཀྱིས་ཀྱང་མོས་མཐུན་བྱས་པས། ང་ཚོ་ཚང་མ་ཕ་ཡུལ་ལ་ལོག་པ་ཡིན། ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཞིང་ནང་དུ་རྩྭ་མང་པོ་སྐྱེས་པ་མཐོང་བ་དང་། སེམས་ནང་དུ་རང་གི་ཕ་ཡུལ་གྱི་རྩྭ་ཡང་རིང་པོ་འདི་འདྲ་འཚར་ཡོད་ངེས་རེད་སྙམ།

རླངས་འཁོར་ཕ་ཡུལ་དང་ཉེ་སར་སླེབས་པ་ན། ཕ་ཡུལ་གྱི་ཞིང་ཁའི་ཕྱོགས་སུ་མིག་བཤེར་ལན་གཅིག་འཕངས་པས། ཞིང་ཁ་ཚང་མ་རྔས་ཟིན་འདུག ངོ་མ། ཕ་ཡུལ་གྱི་མི་རྣམས་ཅི་འདྲའི་ལས་ལ་བརྩོན་པ་ཞིག་རེད་ཨང་། ཕ་ཡུལ་ལ་འབྱོར་རྗེས་ང་རང་རླངས་འཁོར་ནས་མར་བབས་པ་དང་། རྐང་པ་གཉིས་པོ་འདམ་རྙོག་གིས་ཁེངས་པའི་ས་ཐོག་ལ་སྤོ་སྐབས། ཡིད་ལ་བློ་བདེ་བག་ཕེབས་དང་ཆ་རྒྱུས་ཡོད་པའི་ཚོར་སྣང་གིས་ཁེངས། ཕ་ཡུལ་གྱི་སྟོན་རླུང་ངའི་ངོ་གདོང་ལ་བསིལ་བསིལ་ངང་ལྡང་བ་དང་། ནོར་གྱི་ལྕི་བའི་དྲི་བསུང་སྣ་ལམ་དུ་ཐུ་ལུ་ལུ་འཐུལ་ཡོང་།

ཞོགས་པ། ང་རང་སྔ་པོར་ལངས་ནས་དཔེ་ཀློག་བྱེད་བཞིན་པའི་སྐབས། ངས་ཡ་མཚན་གྱི་སྣང་ཚུལ་ཞིག་མཐོང་བྱུང་སྟེ། ཞོགས་པའི་འོད་ཟེར་ཅན་གྱི་ཉི་མ་དེ་ཤར་ཕྱོགས་རི་བོའི་གསེང་ནས་ཤར་ཡོང་དུས། ཐོག་མར་ཉི་ཟེར་ངའི་མདུན་ཕྱོགས་ཀྱི་ལྕང་མའི་སྐེད་ནས་འཕྲོས་ཡོང་བ་དང་། རིམ་བཞིན་དུ་རི་བོའི་སྐེད་མཚམས་ནས་བརྒྱབ་སྟེ། མཐར་སྟེང་འོག་མེད་པར་འཕྲོས་པས། ངས་གོ་བ་ལེན་སྟངས་འཁྲུལ་མེད་ན་དེ་ནི་ས་ཁམས་སློབ་ཚན་སྐབས་སུ་སློབ་སྦྱོང་བྱས་པའི་ཉི་འོད་ཐོག་མར་སའི་གོ་ལའི་དམར་ཐིག་ཏུ་བརྒྱབ་སྟེ་རིམ་བཞིན་ལྷོ་བྱང་སོ་སོར་མཆེད་པ་དང་གནས་ལུགས་གཅིག་པ་མིན་ནམ་སྙམ།

སྔ་དྲོ་ནོར་རྣམས་རི་བོའི་སྟེང་དུ་ཡར་བཏང་བ་ན། བུད་མེད་རྣམས་ཐད་ཀར་ནང་ལ་མ་ལོག་པར་རང་ཁྱིམ་གྱི་སྒོ་འགྲམ་དུ་ཕན་ཚུན་གླེང་མོལ་བྱེད་ཅིང་། ཁོ་ཚོའི་དཔྲལ་བའི་ཀླད་ན་བཅིངས་པའི་གློག་བཞུ་ཡང་ད་དུང་བཀྲོལ་མི་འདུག་ལ། ལག་ཏུ་བཞོ་ཟེའུ་འམ་འུར་རྡོ་ཡང་བཟུང་བཟུང་བ་རེད། ད་གཟོད་གཞི་ནས་གཉིད་ལ་སད་མ་ཐག་པའི་ཕྲུ་གུ་ཚོ་སྒོ་ཁར་ཐོན་ནས་རང་གི་ཨ་མའི་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་། སྐབས་རེ་ཨ་མའི་ལག་གི་འུར་རྡོ་བླངས་ཏེ་ཨ་མར་ལད་ཟློས་ཀྱིས་གཡུག་ཙམ་དང་འཕེན་ཙམ་བྱེད། རྟ་བདུན་དབང་པོའི་འོད་ཟེར་དེ་ཕྲུ་གུ་ཆུང་ཆུང་ཚོའི་དམར་མདངས་ལྡན་པའི་ངོ་གདོང་ཐོག་འཕྲོས་ཚེ། ངས་འཛམ་གླིང་ཐོག་གི་ཆེས་མཛེས་ཤོས་ཀྱི་ངོས་ཤིག་མྱོང་རོལ་ཐུབ་པའི་སྤྲོ་བས་མྱོས།

སྟོན་ཁའི་དུས་སུ་ཕ་ཡུལ་གྱི་ནོར་ནག་ཚང་མ་སྟོན་མཚེར་གྱི་ལྷས་ལ་བསྐོར་བ་དང་། ཟོག་རྫི་རྣམས་རི་སྒང་དུ་གུར་ཕུབ་ནས་སྡོད་ཀྱི་ཡོད། ཉི་མ་ནུབ་རིར་བཞུད་རན་པའི་དགོང་མོའི་མཚམས་སུ། མགོ་ལ་མགོ་རས་དཀྲིས་པའི་བུད་མེད་རྣམས། ལག་ཏུ་བཞོ་ཟེའུ་ཐོགས་ནས་ལྷས་རར་བསྐྱོད་བཞིན་འདུག ངས་ཁོང་ཚོའི་གདོང་ལས་ཕྱེད་དགའ་སྣང་དང་ཕྱེད་འུ་ཐུག་གི་ཚོར་བ་འདྲེས་མ་ཞིག་མངོན་བཞིན་པ་ཚོར་ཐུབ། འུ་ཐུག་དགོས་དོན་ནི་ཧ་ལམ་ཁོང་ཚོ་ནམ་ཡང་རི་བོ་ཆུང་ཆུང་འདི་ལས་རིང་དུ་གྱེས་མི་ཐུབ་པའི་རྐྱེན་གྱིས་རེད། ནམ་རྒྱུན་དབྱར་ཁ་འབུ་བརྐོ་བ་སོགས་ཀྱི་སྐབས་སུ། ང་ཚོ་ཕྲུ་གུ་མང་པོ་མཉམ་དུ་འཕྲད་ཀྱི་ཡོད་པས། ཁོང་ཚོ་དང་མཉམ་དུ་སྐད་ཆ་ཤོད་སྐབས་ནོར་དང་འབྲེལ་བའི་གཏམ་གླེང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད། དཔེར་ན། ནོར་བྲོ་བསྐོར་བ། ཁ་གསར་གློད་པ། ནོར་ཚྭ་ཁར་འཕུད་པ་སོགས་ལྟ་བུ་རེད། ངས་དེ་ཚོ་ཅི་ཞིག་ཡིན་པ་ཁྱོན་ནས་ཤེས་ཀྱི་མེད་པས། སྐབས་རེ་ངས་ང་རང་འབྲོག་པའི་ཕྲུ་གུ་ཞིག་ཡིན་མོད། འབྲོག་ལས་དང་འབྲེལ་བའི་ཤེས་བྱའི་ཐད་ནས་རྒྱུས་མངའ་དེ་ཙམ་མེད་པར་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་འགྱུར་གྱི་ཡོད་པས། སྐབས་རེ་ངས་འབྲོག་པའི་འཚོ་བར་ནན་ཏན་གྱི་ཉམས་ཞིབ་བྱེད་པར་འདོད།

མི་ལ་ལས་སྟོན་ཁ་ནི་ཡིད་སྐྱོ་དགོས་པའི་དུས་ཚིགས་ཤིག་རེད་གསུང་། ཡང་ལ་ལས་སྟོན་ཁ་ནི་རེ་བ་དང་ལྡན་པའི་དུས་ཚིགས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཡང་ངས་བལྟས་ན། སྟོན་ཁ་ནི་འབྲས་བུ་ལེན་པའི་དུས་ཚིགས་དང་། མིའི་མི་ཚེར་མཚོན་ན་སྐྱེ་སྟོབས་ཡག་ཤོས་ཀྱི་དུས་ཚིགས་ཤིག་ཡིན་པར་འདོད་དོ། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༡༤)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明