ཉེ་ཆར་སློབ་གྲྭའི་ནང་དུ་བྱེད་སྒོ་མང་པོ་ཞིག་སྤེལ་བཞིན་འདུག ཐོག་མར་རྒྱ་ཡིག་དགེ་རྒན་གྱིས་ང་ཚོ་སྙན་ངག་གྱེར་འདོན་གྱི་བྱེད་སྒོར་མིང་ཐོ་འགོད་དུ་བཅུག་པས། དགའ་ཚོར་ཆེན་པོ་བྱུང་བས་དྲན་སྐུལ་གྱི་ཚུལ་དུ་གལ་ཏེ་སློབ་ཚན་ཡག་པོ་མ་ཉན་པར་སློབ་ཚན་མྱུར་ཚད་ལ་ཤུགས་རྐྱེན་བཟོས་ན་སྙན་ངག་གྱེར་འདོན་སྦྱོང་དུ་འཇུག་གི་མིན་ཞེས་གསུངས།
ཕྱི་དྲོའི་སློབ་ཚན་འཚོགས་ལ་ཉེ་བ་ན། འཛིན་དཔོན་གྱིས་བརྡ་ཐོ་བཏང་གསལ། “རི་མོའི་ནང་ཞུགས་མོས་ཡོད་ན་རི་མོའི་དགེ་རྒན་གྱིས་སློབ་ཁྲིད་ཐོག་ཁང་མདུན་དུ་ཐོ་འགོད་པར་ཡོང་དགོས་ཟེར་གྱི་འདུག”ཟེར་བས། ང་རང་ལམ་སེང་དེ་རུ་ཕྱིན། རི་མོའི་དགེ་རྒན་གྱིས་དེར་འདུས་པའི་སློབ་མ་རྣམས་ལ། “མི་རེ་རེ་བྱེད་སྒོའི་རྣམ་གྲངས་གཅིག་གི་ནང་མ་གཏོགས་ཞུགས་མི་ཆོག་པས། གལ་སྲིད་ཁྱོད་ཚོ་བྱེད་སྒོ་གཞན་གྱི་རྣམ་གྲངས་སུ་ཞུགས་ཡོད་ན་འདིར་འདེམ་མི་ཆོག”ཅེས་གསུངས་པས། ང་རང་རི་མོའི་ནང་དུ་ཞུགས་ནས་སྙན་ངག་གྱེར་འདོན་ལས་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད། རི་མོ་འབྲི་སྦྱོང་གི་དུས་ཚོད་ནི་ཉིན་གུང་ངལ་གསོ་རྒྱག་པའི་དུས་ཚོད་ནས་དགོང་མོའི་སློབ་ཚན་གཉིས་པ་མ་འཚོགས་བར་གྱི་ཆུ་ཚོད་གསུམ་ལ་ཉེ་བའི་དུས་ཡུན་ནང་རེད་འདུག
དེའི་ཕྱི་ཉིན་ང་ཚོ་གཏན་འཁེལ་གྱི་རི་མོ་འབྲི་སྦྱོང་ཁང་དུ་བསྐྱོད་པ་དང་། དེ་རུ་སློབ་མ་གཉིས་ལྐོག་ལྐོག་སུད་སུད་དུ་གློག་བརྙན་ལྟ་བཞིན་འདུག་པས། དགེ་རྒན་གྱིས་སློབ་མ་དེ་གཉིས་ལ་གང་བྱུང་དུ་གཞན་གྱི་སློབ་ཁང་དུ་འཛུལ་མི་རུང་བའི་སློབ་གསོ་བརྒྱབ་ནས་རང་རང་འཛིན་གྲྭ་རུ་ལོག་ཏུ་བཅུག ང་ཚོ་སློབ་མ་ཉི་ཤུ་གཡས་གཡོན་ཡོད་ཅིང་། དགེ་རྒན་གྱིས་ཚོན་པར་བརྒྱབ་པའི་རི་མོ་དག་ལས་རང་ཉིད་དགའ་ཤོས་རེ་བདམས་ནས་ལད་འབྲི་བྱེད་དུ་བཅུག དེ་ལྟར་གཟའ་འཁོར་གཅིག་ཙམ་རིང་ལ་ང་ཚོས་རི་མོ་མི་འདྲ་བ་གསུམ་བཞི་རེ་འབྲི་སྦྱོང་བྱས་པ་དང་། མཇུག་མཐར་རང་རང་གི་ལེགས་གྲུབ་བྱུང་བའི་བརྩམས་ཆོས་རྣམས་དགེ་རྒན་གྱི་སར་བསྐྱལ་ནས། རང་ཉིད་རྫོང་རིམ་པའི་རི་མོའི་འགྲན་ཞུགས་སུ་ཚུད་ཡོད་མེད་བརྡ་ཐོ་གཏོང་ཡོང་ཟེར། འོན་ཀྱང་ད་བར་དེའི་སྐོར་གྱི་གནས་ཚུལ་གསར་པ་གང་ཡང་ཐོས་རྒྱུ་མི་འདུག འོན་ཀྱང་དེའི་རིང་ཕྱི་དྲོའི་སློབ་ཚན་དང་པོ་འཚོགས་མི་དགོས་པར་རི་མོ་བྲིས་ནས་བསྡད་ན་ཆོག་པས། འགྲན་བསྡུར་དུ་ཚུད་མིན་ལ་མ་ལྟོས་པར་སྐྱིད་པོ་ཞེ་དྲག་བྱུང་།
སྤྱི་ཟླ4པའི་ཚེས16ཉིན། གར་སྟེགས་འཁྲབ་སྟོན་གྱི་བྱེད་སྒོ་ཁག་རིམ་པས་སྤེལ། ཞོགས་པ་ཞོགས་ཚོགས་གྲོལ་རྗེས་དགེ་རྒན་སློབ་རྣམས་བྱེད་སྒོར་ལ་ཞུགས་པའི་གྲ་སྒྲིག་གི་རྣམ་པས་ཁེངས། སློབ་མ་ཚང་མ་སྤོ་ལོའི་ཐང་དུ་འཛོམས་ནས་ཇ་མངར་མོ་དང་མངར་ཆ་སོགས་ལ་རོལ་བཞིན་སྔ་དྲོའི་སྙན་ངག་གྱེར་འདོན་གྱི་ལྟད་མོ་ལ་ཞུགས། ཐོག་མར་མཚར་སྣང་དང་སྦྲགས་ལྟ་འདོད་ཀྱི་མིག་ཟུང་ཀེམ་ཀེམ་གཡོ་མོད། ཁྱོན་འཛིན་གྲྭ་བཅོ་བརྒྱད་ཡོད་པས་མཇུག་ཏུ་སློབ་མ་རྣམས་ཀྱིས་ཉོབ་མདངས་དང་བཅས་ལྟད་མོ་མི་ལྟ་བར་ཁྱུ་དང་ཁྱུ་བྱས་ཏེ་མགོ་བོ་རུབ་རུབ་ཀྱིས་གཏམ་གླེང་སྣ་ཚོགས་ལ་རོལ། ཕལ་ཆེར་རང་གི་འཛིན་གྲྭ་ཁེལ་ན་མ་གཏོགས་ཁ་ཡ་མི་བྱེད་པ་འདྲ།
ཉིན་གུང་ཟིན་པ་དང་ཞབས་བྲོ་འཁྲབ་མཁན་གྱི་སློབ་མ་ཚོས་ཞབས་བྲོ་འཁྲབ་པའི་སྟ་གོན་བྱེད་པ་དང་། དགེ་རྒན་དང་ལག་རོགས་ལ་ཡོང་བའི་ཁྱིམ་བདག་ཚོས་ཞབས་བྲོ་འཁྲབ་མཁན་གྱི་སློབ་མར་འཁྲབ་གོས་གཡོག་རོགས་བྱེད། སློབ་མ་རྣམས་ཀྱིས་ཞབས་བྲོ་འཁྲབ་རྒྱུ་འགོ་རྩོམ་པར་རེ་ཞིང་སྒུག དཔྱིད་ཀྱི་ཁ་བ་སིབ་སིབ་ཏུ་འབབ་པའི་ཁྲོད་ན་བྱེད་སྒོ་འགོ་བཙུགས། འཛིན་གྲྭ་སོ་སོས་གྲ་སྒྲིག་བྱས་པའི་ཞབས་བྲོ་གཅིག་ལས་གཅིག་ཡག་པ་འདུག དགེ་སློབ་ཚང་མ་ལུས་རྩལ་ཐང་དུ་སྒོར་ཕྱེད་རྣམ་པས་བསྐོར་ནས་གར་སྟེགས་ཕྱོགས་སུ་རུབ། སྔ་དྲོ་དང་བསྡུར་ན་ཞེ་དྲག་གིས་འཁྲུག་ཆ་དོད་པ་འདུག
འཛིན་གྲྭ་ཚང་མས་རང་ཉིད་ཀྱི་འཛིན་གྲྭ་ཨང་རིམ་ཐོབ་པར་རེ་སྒུག་ཆེན་པོ་བྱེད་མོད། ང་ཚོའི་འཛིན་གྲྭ5པ་དང6པས་མཉམ་དུ་འཁྲབ་པའི་ཞབས་བྲོ་མ་གཞི་འགྲིག་ཆ་དང་ཉམས་འགྱུར་གྱིས་ཕྱུག་ཀྱང་བྱ་དགའི་ཨང་རིམ་དུ་ཚུད་མ་སོང་། འོན་ཀྱང་དགེ་སློབ་ཚང་མས་བློ་ཡིད་ཚིམས་སྣང་ཞེ་དྲག་བྱེད་ཀྱི་འདུག ངས་བསམས་ན། བྱེད་སྒོ་གང་འདྲ་ཞིག་སྤེལ་རུང་ཡིན་གཅིག་ཨང་རིམ་ལོན་དགོས་པའི་ངེས་པ་མེད་པར། བྱེད་སྒོ་གྲ་སྒྲིག་དང་དངོས་སུ་སྤེལ་བའི་བརྒྱུད་རིམ་ཁྲོད་དུ་རང་ཉིད་ལ་སྤྲོ་སྣང་དང་སྦྱོང་བརྡར་ཐེབས་རྒྱུ་དེ་གཙོ་བོར་འཛིན་དགོས་པར་སྙམ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)
ཟུར་ཁྲིད་དགེ་རྒན། དགའ་བཟང་།