西藏青年报藏文版གལ་ཆེའི་གསར་འགྱུར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོར་བཅའ་སྡོད་མེ་ཀོང་གཙང་པོའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་གཞུང་ཚབ་དང་མཐོ་རིམ་ཕྱི་འབྲེལ་དཔོན་དང་མཇལ་འཛོམས་གནང་བ། ཁང་དམར་རྫོང་ཀ་ལ་ཤང་གིས“ཏང་འཛུགས་སྐྱོང་དང་རྒན་གསོའི་”ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

放大 缩小 默认

ཁང་དམར་རྫོང་ཀ་ལ་ཤང་གིས“ཏང་འཛུགས་སྐྱོང་དང་རྒན་གསོའི་”ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

བདེ་སྐྱིད་སྒོ་རའི་ནང་གི་རྒན་རྒོན་རྣམས་ཀྱིས་མཉམ་འཛོམས་ཀྱི་སྐྱེས་སྐར་རོལ་བཞིན་པའི་རྣམ་པ་ཡིན།

བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཀ་ལ་ཤང་གི་ཀ་ལ་ནུབ་གྲོང་ཚོའི་བདེ་སྐྱིད་ཁང་དུ་དགོད་སྒྲས་དྲོ་སྐྱིད་མཉམ་འདྲེས་བྱས་ནས་གསོན་ཉམས་དོད་པའི་རི་མོ་ཞིག་ཏུ་གྱུར། འདིར་རྒན་རྒོན་རྣམས་ཀྱི་ངོ་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྲོས་ནས་མཉམ་དུ་བསྐོར་ནས་ཁ་བརྡ་བྱེད་པ་དང་འཁྲབ་སྟོན་ལ་ལྟ་བ། ཞབས་ཞུ་ལོངས་སྤྱོད་བཅས་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཀ་ལ་ཤང་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ“ཏང་འཛུགས་སྐྱོང་དང་རྒན་གསོའི་”ཞབས་ཞུའི་རྣམ་པ་གསར་པ་གསར་གཏོད་བྱས་ཏེ། ཏང་གི་དྲོ་སྐྱིད་རྒན་རྒོན་ཚང་མའི་སེམས་སུ་བསྐྱལ་ནས་མཐའ་མཚམས་ཕྱོགས་ཀྱི་ནུབ་ཁའི་ཉི་མ་དམར་པོ་སྔར་བས་མཛེས་སྡུག་ལྡན་པར་འགྱུར།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་རྒན་གསོའི་“བློ་སེམས་གཅིག་ཏུ་སྦྲིལ་བ”

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀ་ལ་ཤང་ཏང་ཨུད་གྱིས《བོད་རང་སྐྱོང་ལྗོངས་གྲོང་གསེབ་བདེ་སྐྱིད་ཁང་འཛུགས་སྐྲུན་དོ་དམ་གྱི་མཛུབ་ཁྲིད་བསམ་འཆར》《གཞིས་རྩེ་གྲོང་ཁྱེར་གྱི་གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ཏེ། ཏང་འཛུགས་སྐྱོང་སྣེ་ཁྲིད་དེ་རྒན་གསོ་ཞབས་ཞུ་མཐོ་རུ་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་བརྩིས་ཡོད། སྲིད་གཞུང་གི་ཐོན་ཁུངས་དང་དམག་གནས་མཉམ་འཛུགས། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་སྡེབ་སྒྲིག་བྱས་པ་བརྒྱུད་“ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འཆར་འགོད་དང་། ཏང་ཡོན་གྱིས་སྣེ་ཁྲིད་བྱེད་པ། མང་ཚོགས་ཞུགས་པའི”རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ཡོད། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིས་དངོས་སུ་དོན་འཁྱོལ་དམ་འཛིན་བྱས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ“བྱེད་ཐབས་དྲུག་མཉམ་སྤེལ”གྱི་ལས་ཀའི་ཞིབ་ཐོ་བཟོས་ནས་རྒན་གསོའི་ལས་དོན་དེ“རྐྱང་དམག་དམག་སྒྲུབ”ནས“མཐུན་སྦྱོར་འགག་སྒྲུབ”ཏུ་བསྒྱུར་ཡོད།

རྒན་གསོའི་ཞབས་ཞུ་ཡུན་རིང་འཁོར་སྐྱོད་འགན་ལེན་བྱ་ཆེད། ཀ་ལ་ཤང་ཏང་ཨུད་ཀྱིས་མ་དངུལ་འགན་སྲུང་ལམ་སྲོལ་གསར་པ་གཏོད་དེ“གྲོང་ཚོ་རིམ་པའི་མ་དངུལ་ཅུང་ཙམ་གཏོང་བ་དང་སྲིད་གཞུང་གིས་ཁ་གསབ་ཅུང་ཙམ་བྱེད་པ། སྤྱི་ཚོགས་ཀྱིས་ཞལ་འདེབས་ཅུང་ཙམ་རྒྱག་པའི”རྣམ་པ་བཙུགས། རྫོང་ནོར་སྲིད་ཀྱིས་ལོ་ལྟར་ཆེད་དོན་མ་དངུལ་སྒོར་ཁྲི་20དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་མ་དངུལ་སྒོར་ཁྲི་2སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི་2བཅས་བཏང་ནས་སྒྲིག་བཀོད་ལེགས་བཅོས་དང་དངོས་ཟོག་ཉོ་སྒྲུབ་སོགས་ཀྱི་ཐད་སྤྱོད་ཀྱི་ཡོད། ཏང་ཡོན་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣེ་ཁྲིད་ནས་དངོས་ཟོག་ཞལ་འདེབས་འཕུལ་བ་དང་། རྒན་རྒོན་ལ་ཉལ་ཆས་དང་ཚ་དམ། བདེ་སྲུང་ཐོན་རྫས་སོགས་འཚོ་བའི་དངོས་ཟོག་སྤྲད་པ་མ་ཟད་མ་དངུལ་ལྟ་སྐུལ་དོ་དམ་ལམ་སྲོལ་ནན་པོ་བཙུགས་ནས་དམངས་ཕན་མ་དངུལ་སྐར་མ་རེ་རེ་དོན་ཡོད་བྱ་དངོས་ཐོག་སྤྱོད་དུ་བཅུག་པ་རེད།

ཞབས་ཞུ་སྒྲུབ་པ་དང་དུས་མཚུངས་ཀ་ལ་ཤང་གིས་ད་དུང་རྒན་གསོ་ཁང་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གཡུལ་ས་ཞིག་ཏུ་འབད་བརྩོན་བྱས་ཡོད། གཟའ་འཁོར་རེར་གཟའ་ཟླ་བར་རྒན་རྒོན་སྒྲིག་འཛུགས་བྱས་ནས་རྒྱལ་དར་བསྒྲེངས་པའི་མཛད་སྒོར་ཞུགས་ཏེ“རྒྱལ་དར་བསྒྲེངས་པ། རྒྱལ་གླུ་ལེན་པ། ཏང་ལ་བཀའ་དྲིན་ཞུ་བའི”བྱེད་སྒོ་སྤེལ་བ། སྲིད་ཇུས་དྲིལ་བསྒྲགས་དང་། སྤྲོ་སྣང་འགྲན་རྩོད། གློག་བརྙན་དམར་པོ་ལྟ་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་བཏང་ཡོད། མིག་སྔའི་བར་འབྲེལ་ཡོད་བྱེད་སྒོ་རིམ་རྩིས་བྱས་ན་ཐེངས་50ལྷག་ཙམ་སྤེལ་བ་དང་དེའི་ནང་ཞུགས་མཁན་རྒན་རྒོན་མི་ཐེངས་3000ལྷག་ཙམ་ཟིན་ཡོད་པས་མཐའ་མཚམས་རྒན་རྒོན་གྱི་མཐའ་སྲུང་སྲ་བརྟན་གྱི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།

བརྩེ་སེམས་ལྡན་པའི་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དངུལ་ལོར་གྱི“བདེ་སྐྱིད་འོད་འཕྲོའི”འོད་འཚེར་པ།

བདེ་སྐྱིད་ཁང་དུ་བྱམས་བརྩེའི་ཞབས་ཞུ་གང་སར་ཡོད། ལོ་གསར་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་གལ་ཆེན་ཚང་མར་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ“ལོ་གསར་ལ་རྟེན་འབྲེལ་ཞུ་བ། བདེ་སྐྱིད་ལོངས་སུ་སྤྱོད་པ། ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ལ་ཁ་བཏགས་བསྒྲོན་པ་དང་དངོས་ཟོག་ལེགས་སྐྱེས་ཕུལ་བ། ཐུན་མོང་གི་སྐྱེས་སྐར་འདུ་ཚོགས་གཉེར་གྱི་ཡོད། 2023ལོའི་ཟླ་10པར་བདེ་སྐྱིད་ཁང་འཁོར་སྐྱོད་བྱས་པ་ནས་བཟུང་སྐྱེས་སྐར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐེངས་9སྤེལ་བ་དང་རིན་ཐང་སྒོར་ཁྲི་5ལྷག་ཙམ་གྱི་དངོས་ཟོག་ཕུལ་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གླུ་གར་འཁྲབ་སྟོན་དང་གློག་བརྙན་དམར་པོ་འགྲེམས་སྟོན་བྱས་པ་དེས་རྒན་རྒོན་གྱི་སྙིང་སྟོབས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཏང་ཡོན་དང་བླངས་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལས་གྲུབ་པའི“གཅེས་སེམས་ཞབས་ཞུ་རུ་ཁག”གིས་རྒྱུན་ལྡན་རྣམ་པའི་ཐོག་ནས་སྐྲ་བཞར་དང་ཟ་མ་སྐྱེལ་བ། གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་དགུན་དབྱར་གུང་གསེང་རིང་སློབ་མ་དང་བླངས་པ་དེའི་ནང་ཞུགས་པས་བདེ་སྐྱིད་ཁང་ལ་གཞོན་ནུའི་གསོན་ཤུགས་བསྣན་ཡོད།

བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་རྡོ་ཡིན། ཀ་ལ་ཤང་ཏང་ཨུད་ཀྱིས་བཅའ་སྡོད་ཡུལ་གྱི་དཔུང་སྡེ་དང་ཤང་འཕྲོད་བསྟེན་ཁང་མཉམ་འབྲེལ་བྱས་ཏེ“དམག་མི་དང་ས་གནས། སྨན་པ་མཉམ་འགྲུལ”གྱི་ལམ་སྲོལ་བཙུགས་ནས་རྒན་རྒོན་114ལ་འོས་འགན་སྨན་བཅོས་ཐེངས་12བྱས་པ་དང་རིན་མི་དགོས་པའི་སྨན་རྫས་སྒོར་ཁྲི་6སྤྲད་པ་མ་ཟད་བདེ་ཐང་ཡིག་ཚགས་འགུལ་རྣམ་དོ་དམ་ལམ་ལུགས་ཀྱང་བཙུགས་པ་རེད། ཤང་འཕྲོད་བསྟེན་སྨན་ཁང་གིས་ཆེད་མངགས་སྨན་གཡོག་མི་སྣ་2མངགས་ནས་རྒྱུན་ལྡན་གྱི་ནད་གཡོག་བྱེད་འགན་འཁུར་རྒྱུ་དང་ཏང་ཡོན་གྱིས་དུས་བཀག་ལྟར་རྗེས་འདེད་འཚམས་འདྲི་གནང་རྒྱུ། དེ་དང་ཆབས་ཅིག་ཟླ་རེའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། མེ་གསོད་སྦྱོང་རྩལ། ཁ་བསླུས་འགོག་པའི་འཆད་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བདེ་འཇགས་འགོག་སྲུང་འཛིང་རགས་དམ་ཟབ་བྱས་ནས་རྒན་རྒོན་སེམས་བདེ་ངང་སྡོད་ཐུབ་པ་དང་ཁྱིམ་མི་སེམས་བདེ་ཡོང་བ་བྱེད་ཀྱི་ཡོད།

ལོ་82ལ་སླེབས་པའི་རྒན་རྒོན་ཚེ་རིང་ལྷ་མོས་“སྔོན་ཆད་མི་གཅིག་པུས་ཁྱིམ་དུ་ཐང་མེད་དུ་བསྡད་ཀྱང་ད་ལྟ་ཉིན་ལྟར་ཟ་རྒྱུ་དང་རྩེད་རྒྱུ་ཡོད་ལ་སྨན་པ་ཡང་ཡོད་པ་མ་ཟད། ད་དུང་ཏང་ཡོན་དང་ཕྲུ་གུ་ཚོ་གྲོགས་པོར་གྱུར་ཡོད། དེ་འདྲའི་འཚོ་བ་ནི་སྦྲང་རྩི་ལས་མངར་འདུག”ཅེས་བདེ་སྐྱིད་ཁང་གི་རྒན་རྒོན་ཚོའི་སེམས་ཀྱི་སྐད་ཆ་བཤད། ཁང་དམར་རྫོང་ཀ་ལ་ཤང་ཏང་ཨུད་ཧྲུའུ་ཅི་བཀྲ་ཤིས་ཀྱིས་“ང་ཚོས་མུ་མཐུད་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ།‘ཏང་འཛུགས་སྐྱོང་+རྒན་གསོའི་’རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་མཐའ་མཚམས་རྒན་རྒོན་གྱི་བདེ་སྐྱིད་སྔར་བས་སྤུས་ལེགས་དང་ནུབ་ཁའི་ཉི་མ་སྔར་བས་དྲོ་སྐྱིད་ལྡན་དུ་འཇུག་རྒྱུ་ཡིན”ཞེས་བཤད།

གངས་ལྗོངས་མཐའ་མཚམས་སུ་ཀ་ལ་ཤང་གིས“ཏང་འཛུགས་སྐྱོང་དང་རྒན་གསོའི”རྣམ་པ་གསར་པར་དྲོ་སྐྱིད་དང་རེ་བའི་ལེའུ་འབྲི་བཞིན་ཡོད། འདིར་ཏང་གི་དར་ཆ་ཐོག་མཐའ་བར་གསུམ་དུ་རྒན་གསོའི་ཞབས་ཞུའི་འཐབ་ཕྱོགས་སུ་མཐོན་པོར་གཡུག་གཡུག་བྱེད་པ་དང་བདེ་སྐྱིད་ཁང་གི་དགོད་སྒྲས་མཐའ་མཚམས་ཞི་མཐུན་བརྟན་ལྷིང་གི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཞིག་ཏུ་གྱུར་ཡོད།

ཚེ་རིང་ཐར་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明