西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །བདག་གི་ཕ་ཡུལ་དང་དགུན་ཁ། ༄༅། །ཚོར་བ་སྐྱེན་པོའི་གླུ། ༄༅། །ཇོ་རིའི་གཤམ་གྱི་མི་སེམས་འགུལ་བའི་བྱ་བ།

放大 缩小 默认

༄༅། །བདག་གི་ཕ་ཡུལ་དང་དགུན་ཁ།

□ 作者 ཟླ་བ་རྒྱལ་མཚན།

ངའི་ཕ་ཡུལ་ནི“སུམ་པ་ནགས་ཤོད”ཅེས་སྐད་གྲགས་ཡོད་པའི་འབྲི་རུ་ཡུལ་ཡིན། ངའི་ཕ་ཡུལ་ནི་གཏེར་ཁ་ཕུན་སུམ་ཚོགས་ཤིང་། སྲིད་ཇུས་བཟང་པོའི་དྲོད་ཁོལ་འོག་ཚང་མ་དུས་བདེ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་ཡོད། འབྲི་རུའི་མི་དམངས་རྣམས་ནི་ལས་ལ་བརྩོན་ཞིང་སེམས་རྩ་འཁོལ་བ་དང་། རྟག་ཏུ་གདོང་ལས་སྤྲོ་དགའི་འཛུམ་མདངས་འཕྱུར་བཞིན་ཡོད། རྒན་གྲས་ཚོ་ནི་བྱམས་སེམས་དང་སྙིང་རྗེ་ལྡན་ལ་ལས་ལ་བརྩོན་མཁན་རྐྱང་ཡིན་ཡང་། དེང་གི་ལོ་ཆུང་ཚོ་ནི་རྣམ་རིག་རྒོད་ཀྱང་གཅེས་ལང་ཤོར་ཏེ་གཏོར་བཤིག་དང་རྣམ་གཡེང་ལ་མགོ་འཁོར་ནས་མི་ཚེ་ཆུད་ཟོས་སུ་གཏོང་མཁན་ཡང་མང་པོ་མཆིས།

བདག་གི་ཕ་ཡུལ་གྱི་ཕྱོགས་བཞི་མཚམས་བརྒྱད་རི་བོས་བསྐོར་ཞིང་། དཀྱིལ་དུ་གཙང་པོ་རྒྱལ་མོ་རྔུལ་ཆུ་ནུབ་ནས་ཤར་དུ་རྒྱུག་པ་དང་། ཕ་ཡུལ་འབྲི་རུའི་དགུན་དུས་གྲང་ངར་ཆེ་ཙམ་ཡོད་པས་ཀུན་གྱིས་དགའ་པོ་དེ་ཙམ་མི་བྱེད་ན་ཡང་། དགུན་ཁའི་ཁ་བ་འབབ་པའི་ཉིན་མོ་རེ་རེ་ནི་ང་ལ་མཚོན་ན་བདེ་སྐྱིད་ཆེ་ཤོས་ཀྱི་ཉིན་མོ་ཞིག་བརྩི་བཞིན་ཡོད་པས། དེ་ནི་དོན་བཟང་ཞིག་ལས་བྱ་བ་ངན་པ་ཞིག་རྩ་བ་ནས་མིན་འགྱུར། དེ་ནང་བཞིན་དགུན་དུས་ཀྱི་ཡུལ་ལྗོངས་ནི་དེ་བས་མཛེས་སྡུག་ལྡན་པ་ཞིག་གོ །

ནམ་རྒྱུན་ཁ་བ་འབབ་ཐེངས་རེར། ང་རང་ཞོགས་པ་སྔ་པོ་ནས་མལ་ལས་ལངས་རྒྱུར་དགའ་ཞིང་། ཁ་བའི་མཛེས་ལྗོངས་ཉམས་སུ་མྱོང་བཞིན་། སྐབས་སྐབས་སུ་སྤོ་ལོའི་ཐང་དུ་བསྐྱོད་དེ་ཁ་རླུང་གསོས་པའི་བདེ་བ་དང་འགྲོགས་ཏེ་སྤོ་ལོ་རྒྱག་པར་ཡང་ལྷག་ཏུ་དགའ།

འབྲི་རུའི་མང་ཚོགས་མང་ཆེ་བ་དབྱར་རྩྭ་དགུན་འབུ་ལ་འཚོ་རྟེན་བྱེད་པ་དང་། གལ་ཏེ་ལོ་གཅིག་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཡག་པོ་བྱུང་ན། ཚོང་རར་མི་ཚོགས་ཀྱིས་ཁེངས་ཤིང་ད་དུང་གཞུང་ལམ་ཐོག་ཏུ་རླངས་འཁོར་རྫིག་པོ་མང་པོ་མཐོང་རྒྱུ་ཡོད་ཅིང་། གྲངས་ཤིན་ཏུ་འབེལ་བས་ཧ་ལམ་མི་རེར་རླངས་འཁོར་རེ་མེད་དམ་སྙམ་པའིསྣང་བ་སྐྱེ་སྲིད། རྒན་པ་རྣམས་ཀྱི་ཤོད་ཚུལ་ལ་བལྟས་ན། ལོ་རེའི་དབྱར་རྩྭ་དགུན་འབུའི་ལོ་བཟང་མིན་ནི་དགུན་ཁ་ལ་རག་ལས་ཤིང་། དགུན་ཁའི་ཁ་བ་འབབ་ཞོད་ཆེ་ན་དབྱར་རྩྭ་དགུན་འབུའི་སྐྱེ་ཚད་ཀྱང་བཟང་ཟེར། ཁ་བ་འབབ་ཞོད་དེ་ཙམ་མེད་ན་ལྡོག་སྟེ་སྐྱེ་འཚར་ཡག་པོ་ཡོང་གི་མེད་ཟེར་བས། ལུང་པ་འདིར་མཚོན་ན་དགུན་ཁའི་ཁ་བ་ནི་རྒྱུ་ནོར་གྱི་འབྱུང་རྩ་ལྟ་བུར་གྱུར་ཡོད་པ་འདྲ།

མ་ཟད་ངས་བལྟས་ན་དགུན་དུས་ནི་ལོ་གཅིག་ནང་མི་རྣམས་ལྷིང་ཤོས་ཀྱི་དུས་ཤིག་ཡིན། དགུན་དུས་སུ་སློབ་མ་ཚང་མ་གུང་གསེང་འཇོག་གི་ཡོད། དགུན་དུས་སུ་ལས་འགན་ཉུང་ཞིང་ཉིན་ལྟར་གུ་ཡངས་ཀྱི་འཚོ་བར་རོལ་རྒྱུ་ཡོད་པས། སློབ་མ་ཚོའི་ངོས་ནས་དེ་ལས་བཟང་བའི་དུས་བཟང་ཞིག་ཡོད་མི་སྲིད། དབྱར་ཁར་མཚོན་ན་གུང་གསེང་འཇོག་མོད་ང་ཚོ་དབྱར་རྩྭ་དགུན་འབུ་བརྐོ་བར་འགྲོ་དགོས་པས་ལྷོད་ལྷོད་བྱེད་ཁོམ་རྩ་བ་ནས་མེད། དེ་དང་བསྡུར་ན་དགུན་དུས་ནི་དུས་ཚོད་མཆོག་ཏུ་བཟང་པོ་ཞིག་གོ །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༦)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明