བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་མཚོན་རྟགས་དེ་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འཁེལ་བྱས་ཤིང་། ད་ཆ་དབང་བསྐུར་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།
དང་པོ། མཚོན་རྟགས་ཀྱི་དཔེ་དབྱིབས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་མཚོན་རྟགས་ནི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་དར་འཛར་དང་སྐལ་བཟང་མེ་ཏོག་གི་འདབ་མས་བརྒྱན་པའི་སྒོར་དབྱིབས་ལས་གྲུབ་པའི་ཨང་ཀི“60”ཡི་བཟོ་དབྱིབས་རེད། ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་ལས་སྟོབས་འབྱོར་མངའ་ཐང་རྒྱས་པའི་མེས་རྒྱལ་མ་ཡུམ་གྱིས་བོད་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་། འབད་འབུངས་ཡར་བརྩོན་གྱི་བགྲང་བྱ་60ཡི་རིང་བོད་ལ་མཚར་སྡུག་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག་བཞད་པ་ལྟར་གྱི་འཕོ་འགྱུར་བྱུང་བ་མཚོན་གྱི་ཡོད། བོད་ཀྱི་བསྐྱར་དར་རྟགས་ཅན་དང་། དེང་རབས་ཅན་གྱི་གྲོང་གསེབ་གསར་པ། རླུང་གློག གངས་རི། གཙོད་སོགས་ཀྱིས་བགྲང་བྱ་60ཡི་རིང་བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མཚོན་གྱི་ཡོད། “1965—2025”ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བ་མཚོན་གྱི་ཡོད། མཚོན་རྟགས་ནང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་བོད་ཀྱི་ལོ་རྒྱུས་ཀྱི་ནང་དོན་གཉིས་ཀ་འདུས་ཡོད་པ་དང་། མཚོན་རྟགས་ཧྲིལ་པོར་རྒྱལ་དར་གྱི་ཚོས་གཞི་དམར་པོ་སྤྱད་ཡོད་པས་དགའ་སྟོན་དང་། སྤྲོ་སྣང་། འཆམ་མཐུན་བཅས་ཀྱི་རྣམ་པ་མངོན་པར་བྱས་ཡོད།
གཉིས་པ། བེད་སྤྱོད་དང་དོ་དམ་བྱེད་ཐབས།
མཚོན་རྟགས་འདི་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་དམིགས་བཙུགས་མཚོན་རྟགས་འབའ་ཞིག་དེ་རེད།
(གཅིག)བེད་སྤྱོད་དང་དོ་དམ་གྱི་ཁྱབ་ཁོངས།
1.བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་མཛད་སྒོ་དང་དེའི་འབྲེལ་ཡོད་མཛད་སྒོ་གཞན་དག་ལ་སྤྱོད་རྒྱུ་དང་།
2.རྟེན་འབྲེལ་མཛད་སྒོའི་ཁོར་ཡུག་བཀོད་སྒྲིག་དང་། གདན་ཞུའི་ཡི་གེ་དང་། ལག་ཁྱེར། ངེས་པར་དུ་ཤེས་དགོས་པའི་དོན་དག འབྱོར་ཐོ་འགོད་དེབ་སོགས་བཟོ་བར་སྤྱོད་རྒྱུ།
3.མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་རྒྱབ་ལྗོངས་འགྲེམས་པང་དང་། ཟིན་བྱང་། ཚོན་དར། ཉི་གདུགས། ཉི་འགོག་ཞྭ་མོ། ལྟོ་ཕད། རིག་གནས་སྟོད་གོས་སོགས་བཟོ་བར་སྤྱོད་རྒྱུ།
4.གསར་འགྱུར་གཏོང་སྤེལ་གྱི་ཆེད་དོན་ཆེད་བསྒྲིགས་དང་ཆེད་དོན་དྲ་ངོས། དམིགས་འཁྲོལ་ཐོན་རྫས་དང་། དྲིལ་བསྒྲགས་དངོས་རྫས། དྲིལ་བསྒྲགས་ཤོག་ལྷེ། དྲིལ་བསྒྲགས་སྦྱར་ཡིག སྤྱི་ཕན་བརྡ་ཁྱབ། དྲིལ་བསྒྲགས་རི་མོ་སོགས་བཟོ་བར་སྤྱོད་རྒྱུ།
5.རྟེན་འབྲེལ་མཛད་སྒོའི་སྐབས་འཕྲལ་སྦྱར་ཡིག་དང་དཔུང་རྟགས་སོགས་བཟོས་ནས་མང་ཚོགས་ལ་འདོགས་པ་དང་དྲན་རྟེན་དུ་ཉར་བར་སྤྱོད་རྒྱུ།
6.སྤྱི་ཕན་རང་བཞིན་གྱི་དྲན་གསོའི་སྦྲག་འཛིན་དང་སྦྲག་ཡིག་འགྲེམས་སྤེལ་བྱེད་པར་སྤྱོད་རྒྱུ་བཅས་ཡིན།
(གཉིས)བེད་སྤྱོད་དང་དོ་དམ་བླང་བྱ།
1.རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་སྤྱོད་པར་ངེས་པར་དུ་གཟབ་ནན་དང་སྒམ་བརླིང་བྱེད་པ་ལས། གང་འདོད་ལྟར་བཟོ་བཅོས་རྒྱག་མི་ཆོག་པ་དང་། དབྱིབས་དང་ཚོས་གཞིར་གང་འདོད་ལྟར་འགྱུར་ལྡོག་གཏོང་མི་ཆོག་ལ། ཆེ་རུ་དང་ཆུང་དུ་གཏོང་སྐབས་མཚོན་རྟགས་ཀྱི་ཆ་ཚང་རང་བཞིན་ལ་གཏོར་སྐྱོན་གཏོང་མི་ཆོག
2.རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་དེ་ཚོང་ལས་ཀྱི་བརྡ་ཁྱབ་དང་ཚོང་རྟགས་བཟོ་བའམ་ཡང་ན་ཚོང་ལས་རང་བཞིན་གྱི་སྤྱོད་སྒོ་གཞན་དག་གང་རུང་ལ་སྤྱོད་མི་ཆོག་ལ། མི་སྒེར་གྱི་རྟེན་འབྲེལ་སོགས་ཀྱི་བྱེད་སྒོར་དེ་བས་སྤྱོད་མི་ཆོག
3.རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་གཞི་རྒྱུར་བྱས་ནས་བཟོས་པའི་མཁོ་ཆས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་བརྗོད་དོན་གཙོ་བོ་དང་འབྲེལ་བ་དམ་ཟབ་ཡོད་དགོས་པ་ལས། གང་བྱུང་དུ་བཀོལ་སྤྱོད་བྱེད་མི་ཆོག
4.རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་བེད་སྤྱོད་བྱེད་པར་དོན་དངོས་དང་ཟུང་འབྲེལ་གྱིས། ཡུལ་དུས་ལ་གཞིགས་ནས་མཐའ་འཁོར་ཁོར་ཡུག་གི་འབྲེལ་བར་སྟངས་འཛིན་ཡག་པོ་དང་སྤྱི་ཡོངས་ཀྱི་ཕན་འབྲས་ལ་མཐོང་ཆེན་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་པར་ཕན་ཐོགས་ཡོད་དགོས་ལ། ད་ཡོད་ཀྱི་མི་ཆོས་རིག་གནས་དང་རང་བྱུང་ཡུལ་ལྗོངས་ལ་གཏོར་སྐྱོན་མི་ཐེབས་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་རྣམ་པ་མཐུན་སྦྱོར་གཅིག་གྱུར་ཡོང་བར་འགན་ལེན་བྱེད་དགོས།
(གསུམ)བདག་དབང་།
རྟེན་འབྲེལ་མཛད་སྒོའི་མཚོན་རྟགས་ཀྱི་བདག་དབང་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ལ་ཡོད།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།
2025ལོའི་ཟླ་5ཚེས་23ཉིན།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས།