西藏青年报藏文版རྩོམ་རིག་དགའ་ཚལ། ༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་། ༄༅། །ཀུན་སྤྱོད་ལེགས་ཉེས། ༄༅། །ཉི་མའི་འོད་ཟེར། ༄༅། །བསམ་གཞིགས།

放大 缩小 默认

༄༅། །འདས་ཟིན་པའི་སློབ་དུས་དེའི་ནང་།

□ 作者 བསམ་སྐྱིད་སྒྲོལ་མ།

དུས་ཚོད་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་དྲན་སྐུལ་གྱི་ཅོང་བརྡ་རྒྱུན་མི་ཆད། དུས་ཚོད་ནི་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དང་འདྲ་བར་སྐད་ཅིག་མི་སྡོད་པར་རྒྱུག་འགྲོ་གི་ཡོད། རེད་ཨང་། དངོས་གནས་སློབ་དུས་གཅིག་ནི་གོ་མེད་ཚོར་མེད་ངང་མཇུག་སྒྲིལ་སོང་།

འདས་ཟིན་པའི་སློབ་དུས་དེའི་ནང་། ང་རང་གཟི་བརྗིད་དང་སྤོབས་པ་ལྡན་དགོས་པ་ཞིག་ནི་འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ་བདུན་པའི་འཛིན་གྲྭ་གསུམ་པའི་སློབ་མ་ཞིག་ཡིན། གང་ཡིན་ཟེར་ན། ང་ཚོའི་འཛིན་བདག་ནི་སློབ་འབྲིང་དང་པོའི་ནང་མིང་གྲགས་ཡོད་པའི་རྒན་དགའ་བཟང་ཡིན། དགེ་རྒན་དགའ་བཟང་ནི་བློ་དཀར་སེམས་དཀར་དང་། སློབ་མར་བྱམས་སེམས་ཆེ་བ། གནད་དོན་གང་ཞིག་འཕྲད་ཀྱང་དཀར་ནག་ཤན་འབྱེད་པར་མཁས་ཤིང་། སློབ་མའི་ཤེས་བརྩོན་གྱི་དཀའ་གནད་སེལ་མཁན་དང་གཉོམ་ཆུང་གི་སྡོང་གྲོགས་མཛད་མཁན་ཞིག་ཡིན། དགེ་རྒན་གྱི་བཀའ་སློབ་འོག་ང་ཚོའི་སློབ་མ་ཡོངས་ཀྱང་ཁ་འཆམ་གྲོས་འགྲིག་ཅིང་བརྩེ་བ་འོ་ཆུ་གཅིག་འདྲེས་ལྟར་གནས་ཡོད།

སློབ་དུས་དེའི་ནང་བརྗེད་དཀའ་བ་ནི་ང་ཚོ་སློབ་གྲྭའི་ཟླ་ངོ་རེའི་རེས་མོས་ཀྱི་གཙང་སྦྲའི་ས་ཁུལ་དེ་གསང་སྤྱོད་དུ་ཁེལ་བ་དེ་ཡིན། ཨེ་མ། དེ་རུ་ངན་དྲི་ཆེ་ཞིང་གད་སྙིགས་མང་བ་དང་། སྐབས་དེར་གསང་སྤྱོད་གཅིག་མ་གཏོགས་བེད་སྤྱོད་རྒྱུ་མེད་པས་འགྲོ་འོང་གི་མི་ནི་རྒྱུན་མི་ཆད། ད་དུང་འཛིན་བདག་གིས་ང་ཚོར་གཙང་སྦྲ་ཡག་པོ་བྱས་ཡོད་མེད་ལྟ་ཞིབ་ཡང་ཡང་བྱེད་པས། གསང་སྤྱོད་ཀྱི་གཙང་སྦྲ་དེ་ཐོག་མར་སློབ་འབྲིང་ལ་སླེབས་པའི་ང་ཚོའི་ངོས་ནས་དངོས་གནས་ལས་མཚེར་ལངས་དགོས་པ་ཞིག་རེད། ལྷག་པར་དུ་བུའི་གསང་སྤྱོད་ཡིན་ན་གཅིན་པ་གང་བྱུང་དུ་བཏང་ཞིང་གཅིན་གྱིས་སྦགས་པའི་ཤོག་བུ་བཙོག་པ་གང་སར་གཡུགས་པའི་རྣམ་པ་རྒྱུན་དུ་མཐོང་རྒྱུ་ཡོད། ད་ལྟ་ཕྱིར་དྲན་བྱེད་སྐབས་དངོས་གནས་དེ་ནི་དགོད་བྲོ་བའི་བྱ་བ་ཞིག་ཏུ་མཐོང་།

འདས་ཟིན་པའི་སློབ་དུས་དེའི་ནང་ང་རང་སློབ་དཀྱིལ་ཡིག་རྒྱུགས་འཛིན་གྲྭའི་ནང་ཨང་བཞི་པ་ཡིན་པས། སེམས་སུ་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཁྱད་མཚར་པོ་ཞིག་སྤྲད། གང་ཡིན་ཟེར་ན་ང་རང་སྔོན་སློབ་ཆུང་སྐབས་སུ་ཨང་གསུམ་པ་ལས་མར་ལྷུང་མྱོང་མེད་པས་ཐེངས་འདིའི་ཨང་རིམ་ལ་ཡིད་མགུ་པོ་རང་མ་བྱུང་། ཡང་སློབ་མའི་གྲངས་སྔར་ལས་མང་བས་ཨང་བཞི་པ་འཐོབ་རྒྱུ་དེ་ཡང་ལས་སླ་པོ་མ་རེད་བསམས་དུས་སེམས་པ་ཡང་དགའ་ལྷང་ལྷང་དུ་གྱུར། སློབ་དཀྱིལ་ཡིག་རྒྱུགས་དེའི་ནང་ང་རང་འཛིན་གྲྭའི་ཆ་སྙོམས་སྐར་གྲངས་འཛིན་གྲྭ་བཅུ་བདུན་ལས་ཨང་གཉིས་པ་ཐོབ་འདུག་པས་ང་ཚོའི་སེམས་པ་ཧ་ཅང་སྐྱིད། ཡིན་ན་ཡང་ང་ཚོའི་འཛིན་བདག་སེམས་པ་དེ་ཙམ་དགའ་པོ་བྱུང་ཨེ་ཡོད་སྙམ། གང་ཡིན་ཟེར་ན་ང་ཚོ་དང་ཨང་དང་པོ་ཡིན་པའི་འཛིན་གྲྭ་བཞི་པའི་བར་ཆ་སྙོམས་སྐར་མ་སུམ་ཅུ་ཙམ་གྱི་ཧེ་བག་ཡོད་པས་ཡིན།

སློབ་དུས་དེ་མཇུག་སྒྲིལ་བར་ཧ་ཅང་ཉེ་བའི་མཚམས་སུ་སློབ་མཇུག་ཡིག་རྒྱུགས་སྤྲད་སོང་། སློབ་གྲོགས་ཚང་མའི་སེམས་སུ་དགའ་སྤྲོ་དང་དངངས་སྐྲག་ཀྱི་སེམས་ཁམས་ཉིས་གཤིབ་ཏུ་ཡོད། གང་ཡིན་ཟེར་ན། ཡིག་ཚད་མཇུག་སྒྲིལ་ཚར་རྗེས་ཡུན་རིང་རེ་སྒུག་བྱས་པའི་དགུན་ཁའི་གུང་གསེང་འཇོག་ཉེ་བས་རེད། སྐྲག་དངངས་ནི་ཡིག་ཚད་ཡག་པོ་མ་བཏང་ན་དགེ་རྒན་གྱིས་གཤེ་གཤེ་གཏོང་བར་སྐྲག་པས་རེད། སློབ་མཇུག་ཡིག་ཚད་སྐར་གྲངས་ཐོན་སོང་། ང་ཚོའི་འཛིན་གྲྭ་ཡར་མ་འཕར་ལ་ཐུར་དུ་ཡང་མ་ལྷུང་བར་རང་འཇགས་ཨང་གཉིས་པ་རེད་འདུག ང་ཚོའི་སློབ་མ་སྒེར་གྱི་སྦྱངས་འབྲས་རྒན་ལགས་ཀྱིས་ལྐོག་ཏུ་མི་སྒེར་ལ་སྤྲོད་པ་མ་གཏོགས་རྒྱ་ཁྱབ་ཏུ་ཁྱབ་བསྒྲགས་བྱེད་སྲོལ་མེད་པས། ངས་ག་ལེར་དགེ་རྒན་གྱིས་སྤྲད་པའི་ཤོག་བུ་དེ་ཁ་ཕྱེས་ནས་བལྟས་པས་ང་རང་འཛིན་གྲྭའི་ནང་དུ་ཨང་གསུམ་པར་འཕར་འདུག ཧ་ཧ། ང་རང་དངོས་གནས་དགའ་ཚོར་ཆེན་པོ་བྱུང་།

གང་ལྟར་སློབ་དུས་འདིའི་ནང་ང་རང་སེམས་ཁམས་སྤྲོ་སྣང་གིས་ཁེངས་པས། ངའི་རེ་བར་སློབ་དུས་རྗེས་མ་ནས་སློབ་འབྲིང་མ་ཐོན་བར་དུ་འདི་ལྟར་དགའ་དགའ་སྤྲོ་སྤྲོ་ངང་རྒྱུན་མཐུད་དང་། སློབ་སྦྱོང་ཡར་རྒྱས། སློབ་གྲོགས་རྣམས་དང་མུ་མཐུད་བརྩེ་བ་འོ་ཆུ་གཅིག་འདྲེས་ལྟར་འགྲོགས་འདྲིས་ཡོང་བར་སྨོན། །

འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༧(༣)

ཟུར་ཁྲིད་དགེ་རྒན། དགའ་བཟང་།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明