ཟླ་4པ་ཤར་རྗེས། ནག་ཆུ་གྲོང་ཁྱེར་སོག་རྫོང་གིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚིགས་བསུས་པ་རེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་སོག་རྫོང་རོང་པོ་གྲོང་རྡལ་དུ་བསྐྱོད་ཅིང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཡུལ་དེ་གའི་མི་ཐབས་རྩྭ་འདེབས་ཀྱི་ལས་དོན་ལ་ཆེད་ལས་དང་བཅས་པའི་ཕྱོགས་ཡོངས་ཀྱི་མཛུབ་ཁྲིད་བྱས་པ་རེད།
སོག་རྫོང“མུའུ་ཁྲི་ཕྱུགས་སྟོང”གི་རོང་པོ་གྲོང་རྡལ་གྱི་མི་ཐབས་རྩྭ་འདེབས་རྣམ་གྲངས་ནི་2016ལོར་ལག་བསྟར་བྱེད་འགོ་བཙུགས་ཏེ། “ཏང་ཨུད་སྤྱི་འདོམས+ཀུང་སི་གཉེར་སྐྱོང+‘ཨུ་ལྷན་གཉིས’ཀྱི་ལྟ་སྐུལ+མང་ཚོགས་ལས་སྒྲུབ+ཐུན་མོང་འབབ་འཕར་ཕྱུག་འགྱུར”གྱི་འཕེལ་རྒྱས་གཏོང་སྟངས་སྤྱད་ཅིང་། འདེབས་ཁྱོན་དངོས་མུའུ་3000ལྷག་ཙམ་ཟིན་པ་དང་གཙོ་བོར་ལེགས་བཅོས་བྱས་པའི་བྱེ་འགྱུར་ས་ཆ་ཡིན་ལ་རྩྭ་ཡུག་པོ་གཙོ་བོར་འདེབས་པ་དང་། བརྒྱུད་རིམ་ཡོངས་སུ་འཕྲུལ་ཆས་ཅན་གྱི་རྨོན་འདེབས་བྱས་ཏེ་སོན་འདེབས་དང་། ལུད་རྒྱག བརྔ་བསྡུ། ཐུམ་སྒྲིལ་བཅས་ཀྱི་ལས་སྒྲུབ་བྱེད་པ་དང་། རྣམ་གྲངས་དེས་སོག་རྫོང་གི་འབྲོག་ལས་འཕེལ་རྒྱས་ཁྲོད་ནུས་པ་ཧུར་ཐག་འདོན་གྱི་ཡོད་པ་མ་ཟད། སྲིད་འཛིན་གྲོང་ཚོ་4དང་མི་1321དང་ཐད་ཀར་ཁེ་ཕན་འབྲེལ་མཐུད་བྱས་ཏེ་ད་ཕན་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་772.43བགོ་འགྲེམས་བརྒྱབ་ཡོད། འོན་ཀྱང་རྣམ་གྲངས་སྐུལ་སྤེལ་བྱེད་རིང་། འདེབས་འཛུགས་ལག་རྩལ་ཞན་པ་དང་ཨ་བྲའི་གནོད་པ་སོགས་ཀྱི་དབང་གིས་ལག་རྩལ་གྱི་དཀའ་གནད་མང་པོ་རིམ་གྱིས་མངོན་ཡོད།
རིགས་གཅིག་མཁས་ཅན་རོང་པོ་གྲོང་རྡལ་དུ་འབྱོར་མ་ཐག་ལས་དོན་བར་མཚམས་མེད་པར་བསྒྲུབས་ཤིང་། ཁོང་ཚོས་ཡུལ་དེ་གའི་མི་ཐབས་རྩྭ་འདེབས་ཀྱི་སྤྱིའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་མིག་སྔར་བཏབ་པའི་རྩྭ་རིགས་ལ་དབྱེ་ཞིབ་ཞིབ་ཚགས་བྱས་ཡོད། རིགས་གཅིག་མཁས་ཅན་གྱིས་དེང་སྐབས་མི་ཐབས་རྩྭ་འདེབས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ལ་ཤེས་རྟོགས་བྱས་པ་མ་ཟད་ད་དུང་ལུད་རྫས་ཀྱི་སྣ་ཁ་དང་འཚོ་བཅུད་འདུས་ཚད། ས་བོན་གྱི་སྣ་ཁ་དང་སྤུས་ཚད་བཅས་ལ་ལྟ་ཞིབ་ནན་ཏན་བྱས་ནས་ལུད་རྫས་ཀྱི་འཚོ་བཅུད་མཁོ་སྤྲོད་དང་ས་བོན་གྱི་མྱུ་གུ་འབུས་ཚད་ལ་འགན་ལེན་བྱས་ཡོད།
མཛུབ་ཁྲིད་བྱེད་རིང་། རིགས་གཅིག་མཁས་ཅན་གྱིས་གཅིག་གཏད་གཅིག་གི་བྱེད་ཐབས་བརྒྱུད་ཞིང་འབྲོག་མང་ཚོགས་ལ་མི་ཐབས་རྩྭ་འདེབས་ཁྲོད་འཕྲད་པའི་གནད་དོན་མི་འདྲ་བར་གཞིགས་ཏེ་ཁྱད་པར་ཅན་གྱི་དྲིས་ལན་བཏབ་ཡོད།
བོད་ལྗོངས་ཕྱུགས་རྩྭ་ཐོན་ལས་ལག་རྩལ་ཁོངས་གཏོགས་ནག་ཆུ་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་ཀྱི་ཀྲན་ཀྲང་ཡན་ཅུན་གྱིས“མི་ཐབས་རྩྭ་ས་འཛུགས་སྐྱོང་ཐད་ངེས་པར་དུ་ས་ཆ་འདེམས་པའི་འགག་སྒོ་དང་། ས་བོན་གྱི་སྤུས་ཚད་ཀྱི་འགག་སྒོ་དམ་འཛིན། སྣ་ཁ་གདམ་གསེས་ཀྱི་འགག་སྒོ སྣ་ཁ་སྡེབ་སྦྱོར་གྱི་འགག་སྒོ འདེབས་འཛུགས་ལག་རྩལ་གྱི་འགག་སྒོ ཕྱུགས་རྩྭ་བརྔ་བསྡུའི་གསོག་ཉར་འགག་སྒོ་བཅས་ནན་པོར་སྲུང་དགོས། དེ་ལྟར་བྱས་ན་གཞི་ནས་གཞི་ཁྱོན་འོས་འཚམ་གྱི་མི་ཐབས་རྩྭ་འདེབས་ཀྱི་རྒྱུན་མཐུད་ཆོག་པའི་སྐྱོན་བྲལ་འཕེལ་རྒྱས་ཡོང་ཐུབ། ད་ལོའི་རོང་པོ་གྲོང་རྡལ་གྱི་རྩྭ་ཡུག་པོ་ཐོན་སྐྱེད་བརྟན་པོ་དང་ཐོན་འབབ་ཡག་པོ་བྱུང་སྟེ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་སོང་ནས་འབྲོག་ལས་འཕེལ་རྒྱས་ལ་གཟན་རྩྭ་འདང་ངེས་དང་སྤུས་ལེགས་མཁོ་སྤྲོད་ཐུབ་པའི་རེ་བ་ཡོད”ཅེས་བརྗོད་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། ད་རེས་རིགས་གཅིག་མཁས་ཅན་གྱིས་ས་ཡུལ་དངོས་སུ་མཛུབ་ཁྲིད་བྱས་ཏེ་སོག་རྫོང“མུའུ་ཁྲི་ཕྱུགས་སྟོང”གི་རོང་པོ་གྲོང་རྡལ་གྱི་མི་ཐབས་རྩྭ་འདེབས་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཏེ། མི་ཐབས་རྩྭ་འདེབས་རྣམ་གྲངས་སྐུལ་སྤེལ་གཏོང་རིང་ཐོན་པའི་ལག་རྩལ་གྱི་དཀའ་གནད་ཧུར་ཐག་བསལ་ཞིང་། སླད་ཕྱིན་གྱི་རྣམ་གྲངས་བདེ་བླག་ངང་སྤེལ་ཐུབ་པར་རྨང་གཞི་བརྟན་པོ་བཏིང་བ་དང་སོག་རྫོང་གི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཡང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
གནམ་ཕྱུག་རྒྱལ་གྱིས་བསྒྱུར།