སྤྱི་ཚོགས་ཡོངས་འདེམས་གནས་ཡུལ་དངོས་སུ་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མཉམ་པར་རེད།
དཔྱིད་རླུང་གངས་ལྗོངས་ས་མཐོར་འཕྱུར། ཟླ་4པའི་ཟླ་དཀྱིལ་ནས་བཟུང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“སེ་འབྲུའི་མེ་ཏོག་བཞད་ནས་རྟེན་འབྲེལ་ཆེན་མོར་བསུ།•བློ་གཅིག་སེམས་མཐུན་བསྐྱར་དར་ཕུགས་འདུན་མཉམ་དུ་གཏོད་”ཞེས་པའི་གཞོན་ནུ་ལོ་ཆུང་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོའི་སྤྱི་ཚོགས་ཡོངས་འདེམས་བྱེད་སྒོ་ལྷ་སར་འཚོགས་པ་རེད། ལྗོངས་ཡོངས་ཀྱི་ལོ་ཚོད་མི་འདྲ་བའི་གཞོན་ནུ་ལོ་ཆུང་200ལྷག་ཙམ་གྱིས་སྤྲོ་སེམས་ཆེན་པོ་དང་ལྷག་བསམ་ཟོལ་མེད་ཀྱིས་སྐད་ཆ་སྤྱད་དེ་ཉེ་འགྲམ་དུ་བྱུང་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་པ་དང་། བྱེད་སྒོ་སྤེལ་སའི་ཕྱི་ནང་གང་སར“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་པོའི”ལང་ཚོའི་རི་མོ་མཉམ་དུ་བསླས་པ་རེད།
གཏམ་རྒྱུད་ཆུང་ཆུང་གིས་བརྗོད་དོན་ཆེན་པོ་མཚོན་པ་སྟེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་རྩ་བ་ཚུགས་པ།
རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གནས་པའི་སྤྱི་ཚོགས་ཡོངས་འདེམས་བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་དང་པོའི་ལོ་རིམ་བཞི་པའི་འཛིན་གྲྭ་དྲུག་པའི་སློབ་མ་འཇམ་དབྱང་སྒྲོལ་དཀར་གྱིས་《མི་རིགས་མཐུན་སྒྲིལ་དང་ང་ཚོའི་ཐུན་མོང་གི་ཁྱིམ་》ཞེས་པའི་ཁ་བྱང་དུ་རྒྱ་རིགས་དགེ་རྒན་གྱིས་བོད་རིགས་སློབ་གྲོགས་རྣམས་ལ་སློབ་ཚན་གསབ་སྦྱོང་བྱེད་རོགས་བྱས་པའི་སེམས་སྐྱིད་ཀྱི་གཏམ་རྒྱུད་བཤད་པ་རེད། “ང་ཚོའི་འཛིན་གྲྭའི་རྒྱ་རིགས་སློབ་གྲོགས་ཚོས་རྟག་ཏུ་ང་ལ་ཟིན་བྲིས་གཡར་བཞིན་ཡོད་པ་དང་དགེ་རྒན་གྱིས་ད་དུང་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ལས་བྱ་ཟུར་ཁྲིད་བྱེད་བཞིན་ཡོད། བྱ་བ་དེ་དག་ལས་ང་རང་གིས་མི་རིགས་མཐུན་སྒྲིལ་ནི་ས་མཐོའི་ཉི་འོད་དང་འདྲ་བར་དུས་ནམ་ཡང་ང་ཚོར་དྲོ་སྐྱིད་བྱིན་བཞིན་ཡོད་པ་ཤེས་བྱུང་ཡོད།”ཅེས་བྱིས་ཉམས་ལྡན་ཡང་ལྷག་བསམ་ཟོལ་མེད་ཀྱི་སྐད་མདངས་དེས་ཚོགས་ཆེན་ཡོངས་ལ་མཉམ་སྒྲོག་ཁེངས།
དེ་དང་འདྲ་བར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་དང་པོ་ནས་ཡོང་བའི་སློབ་གྲོགས་རྟ་མགྲིན་གྱིས་རང་ཉིད་ནི་འཁྲབ་སྟོན་པ་ཆུང་ཆུང་དང་འགྲེལ་བཤད་པ་ཆུང་ཆུང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་ཆེན་པོའི་ཁོངས་མི་གཅིག་བཅས་ཡིན་པའི་“ཐོབ་ཐང་གསུམ་”ཡིན་པ་བརྒྱུད་ནས་མི་རིགས་མི་འདྲ་བའི་སྤུན་ཟླ་ཕན་ཚུན་རོགས་རམ་བྱེད་པའི་སེམས་འགུལ་ཐེབས་པའི་རྣམ་པ་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་ཡིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་དང་”དེ་སྤྱི་ཚན་གྱི་གོ་དོན་ནས་རེག་ཐུབ་པའི་བརྩེ་དུང་ངོ་མ་ཞིག་ཏུ་བསྒྱུར་ཡོད།
སྐད་ཆ་ནི་ཟམ་པ་དང་སེམས་སྦྲེལ་པའི་ལམ་ཞིག་ཡིན་པ་སྟེ། སྤྱི་སྐད་བསླས་འཐག་གིས་སྤེལ་རེས་དང་མཉམ་འདྲེས་བར་ལ་གསེར་གྱི་འབྲེལ་ཐག་བསླངས་པ།
“ཐེངས་འདིའི་འགྲན་བསྡུར་གྱིས་ངས་སྤྱི་སྐད་དེ་བས་བཤད་ཕོད་བྱུང་།”ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་ཡོང་བའི་བསོད་ནམས་དོན་གྲུབ་སྤྱི་སྐད་ཆུ་རྒྱུག་གི་ཐོག་ནས་ཕ་ཡུལ་གྱི་འགྱུར་ལྡོག་བཤད་སྐབས་ཅུང་ཙམ་འཚབ་འཚུབ་སྐྱེས་ཡོད་མོད། འོན་ཀྱང་དཔྱད་དཔོན་ཨུ་ལྷན་ཚོས་མགྲིན་གཅིག་ཏུ་ཁོང་ལ་བསྟོད་བསྔགས་བྱས།
འགྲན་བསྡུར་ཆེན་པོའི་ནང་དམིགས་བསལ་དུ་དྲ་རྒྱའི་མིང་ཐོ་འགོད་པའི་བགྲོད་ལམ་བཙུགས་ནས་ཁུལ་ཕྱི་རོལ་དུ་སློབ་སྦྱོང་བྱེད་མཁན་བོད་རིགས་སློབ་ཆེན་མི་ཉུང་བ་ཞིག་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། “སྔོན་ཆད་རྒྱུན་དུ་སྤྱི་སྐད་བཤད་ན་ཚད་གཞི་མིན་པར་བསམ་མོད། འོན་ཀྱང་སྤུན་ཟླ་བོད་རིགས་དེ་བས་མང་བ་སྤྱི་སྐད་ཐོག་ནས་སྤེལ་རེས་བྱེད་པ་མཐོང་ཚེ་ང་ལ་ཡིད་ཆེས་དེ་བས་ཆེན་པོ་བྱུང་།” ཧྲའན་ཤི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་རྟ་འགྲིན་པད་གསལ་དྲ་རྒྱའི་ཡོངས་འདེམས་བརྒྱུད་ནས་འགྲན་བསྡུར་ནང་ཞུགས་པ་དང་། ཁོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་གཏོང་རྒྱུ་ནི་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
རྩ་མང་གི་འདེམས་བསྐོའི་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་བྱས་པ་སྟེ། མི་རིགས་མཐུན་སྒྲིལ་སློབ་གསོ“སྤྱིར་བཏང་གི་མི་སེར་ཁྱིམ་ཚང་ལ་འཕུར་དུ་འཇུག་དགོས”
སྔོན་ཆད་དང་མི་འདྲ་བར་སྐབས་འདིའི་འགྲན་བསྡུར་ཆེན་པོའི་ནང་དྲ་རྒྱའི་ཡོངས་འདེམས་འདེམས་བསྐོ་དང་མཐོ་སློབ་ཀྱི་ཡོངས་འདེམས་འདེམས་བསྐོའི་འགྲན་ལམ་ཐོག་མར་ཤར་གཏོང་ཐོག ལྗོངས་ཡོངས་དང་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཁྱབ་ཡོད། ནག་ཆུ་ནས་ཡོང་བའི་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་ལས་བསོན་ནམས་རྒྱལ་མཚན་དྲ་རྒྱ་བརྒྱུད་བརྙན་ལམ་ཕུལ་ནས་འགྲན་བསྡུར་ནང་ཞུགས་སྟེ། ཁོང་གིས“སྔོན་ཆད་གཏམ་བཤད་འགྲན་བསྡུར་ནི་རང་ཉིད་དང་བར་ཐག་ཧ་ཅང་རིང་པོ་འདུག་སྙམ་མོད། ད་ལྟ་མཛུབ་མོ་འགུལ་ཙམ་གྱིས་ཞུགས་ཐུབ་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད།
དུས་མཉམ་དུ་སྤེལ་བའི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་སྒོ་དེ་གླུ་གར་འཁྲབ་སྟོན་དང་ཤེས་བྱའི་དྲིས་ལན་སོགས་མཉམ་འགུལ་གྱི་ལྷུ་ཚིགས་བརྒྱུད་གྲོང་མི་སྟོང་ཕྲག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། བོད་རིགས་ཨ་མ་ཚེ་རིང་སྒྲོལ་མས་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་དྲིས་ལན་ནང་ཞུགས་རྗེས“མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཞིག་ཉན་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། མི་རིགས་ཁག་གིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་རྒྱབ་སྐྱོར་བྱས་ཚེ་གཞི་ནས་མཉམ་དུ་འཚོ་བ་ཡག་པོ་ཞིག་རོལ་ཐུབ”ཞེས་མྱོང་ཚོར་ཆེན་པོས་བཤད།
ལང་ཚོའི་དམ་བཅའ་དང་འགན་འཁྲི་འཁུར་རྒྱུ་མངོན་པ་སྟེ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ལག་བསྟར་བྱེད་མཁན་དུ་བརྩོན་ལེན་བྱེད་དགོས།
“ང་ཚོས་སྐལ་བཟང་མེ་ཏོག་ལྟར་ས་མཐོའི་རྩ་བ་ཚུགས་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོབ་བྱ་དགོས།” གཞོན་ནུ་ཚོགས་ཆུང་གི་བདམས་ཐོན་པ་ཁྲེང་ཀོན་ཆུས་བུ་བཅོལ་ཁང་བརྒྱད་པའི་དགེ་རྒན་ཀན་ཞི་ཆོན་གྱིས་གཏམ་བཤད་ཁ་བྱང་《མེས་པོའི་ཁྲག་རྒྱུད་དམར་པོ་རྒྱུན་མཐུད་དང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་མུ་མཐུད་འབྲི་རྒྱུ》ཞེས་བསྟེན་ནས། རང་ཉིད་ཧུའུ་ནན་ནས་བོད་ལ་སླེབས་ནས་ལས་ཀའི་སེམས་ཁམས་ཀྱི་ལོ་རྒྱུས་རྒྱས་བཤད་གནང་བ་རེད། ཁོང་གི་གཏམ་བཤད་ལ་ཚོགས་ཆེན་ཡོངས་ཀྱིས་ཐལ་མོ་རྡེབ་པ་དང་བོད་དུ་ཕེབས་པའི་ལས་བཟོ་མང་པོ་ཞིག་གི་སེམས་གཏམ་ཡང་བསྟན་ཡོད།
བདམས་ཐོན་པ་མང་པོ་ཞིག་གིས“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི”འགྲེམས་སྟོན་པང་ཐོག་རང་འགུལ་ངང་ཁས་ལེན་བྲིས་ནས་གཏམ་བཤད་བྱེད་སྒོའི་ཉམས་མྱོང་དེ་མི་རིགས་མཐུན་སྒྲིལ་གྱི་བྱ་སྤྱོད་ཡག་པོ་ཡིན་པའི་ཆོད་སེམས་སུ་བསྒྱུར་ཡོད།
རྣམ་པ་གསར་གཏོད་བྱས་ནས་སློབ་གསོའི་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་ལང་ཚོའི་སྒུལ་ཤུགས་བསྣན་པ།
“ང་ཚོས་འགྲན་བསྡུར་གསར་གཏོད་བྱས་པ་བརྒྱུད་ནས་གཞོན་ནུ་ལོ་ཆུང་དེ་བས་མང་པོར་མི་རིགས་མཐུན་སྒྲིལ་གྱི་འགྲེལ་བཤད་པ་དང་། ལག་ལེན་བྱེད་མཁན། དྲིལ་བསྒྲགས་པ་བཅས་སུ་འགྱུར་བར་རེ་བ་བྱེད་ཀྱི་ཡོད།” བྱེད་སྒོའི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཕུར་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་ཆེ་མོ་དེ“དྲ་ཐོག་དང་ཡུལ་དངོས་”ཀྱི་བགྲོད་ལམ་གཉིས་ཀྱི་མིང་ཐོ་འགོད་པ་དང“འགྲན་བསྡུར་དང་དྲིལ་བསྒྲགས་”གཉིས་ཀྱི་མཉམ་སྒྲུབ་བྱེད་སྟངས་བརྒྱུད་ནས་དེའི་ནང་ཞུགས་མཁན་མི་གྲངས་དང་ཤུགས་རྐྱེན་གཉིས་ཀྱི་མཐོ་རུ་ཕྱིན་པ་མངོན་འགྱུར་བྱུང་ཡོད།
ནུབ་ཉམས་ཀྱིས་ཕོ་བྲང་པོ་ཏ་ལའི་གསེར་གྱི་རྩེ་དམར་པོར་འགྱུར་བ་དང་བསྟུན་ནས་ཡོངས་འདེམས་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་ཞིང་། འགྲན་བསྡུར་ཆེན་པོའི་མཐའ་མའི་འགྲན་བསྡུར་ཡང་ཟླ་5ཚེས་8ནས་ཚེས་10བར་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་འགྲན་རའི་ཕྱི་ནང་ནས་བརྒྱུད་སྤྲོད་བྱས་པའི་མཐུན་སྒྲིལ་འབད་བརྩོན་གྱིས་སྟོབས་ཤུགས་སྔར་བཞིན་རྒྱུན་མཐུད་བྱེད་བཞིན་ཡོད།
ཚེ་རིང་ཐར་གྱིས་བསྒྱུར།