མི་ཚེ་ནི་གྱ་གྱུའི་ཆུ་རྒྱུན་ཞིག་དང་འདྲ་བར་དྲང་ཐད་ལྷུན་གྱིས་གྲུབ་པ་ཞིག་མིན་སྟབས་ཀྱག་ཀྱོག་གི་མི་ཚེའི་བཤུལ་ལམ་ཐོག་དྲག་ཆར་རླུང་འཚུབ་ལྡང་ཞིང་ཕམ་ཉེས་ཀྱི་རྨ་ཁ་དུ་མས་ང་ཚོའི་ལུས་ཕུང་གཙེས་ཤིང་མུན་ནག་གི་དྲ་བར་ལྷུངས་སྲིད། སྐབས་དེ་དུས་ང་ཚོས་རང་ཉིད་ཀྱི་བློ་སེམས་ལྷོད་དུ་ཕབ་ནས་ད་གཟོད་རང་ཉིད་ཀྱི་བྱ་སྤྱོད་ལ་ནོར་འཁྲུལ་ཇི་ལྟར་ཤོར་བ་བཙལ་ནས་འགྱེལ་ས་དེ་རང་ནས་སླར་ཡང་དམིགས་ཡུལ་གསར་པ་ཞིག་ལ་ཕྱོགས་ཏེ་ཡར་ལངས་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ། གནའ་མིའི་གཏམ་ལས། “མི་ཚེ་རིང་པོ་སྐྱིད་གསུམ་སྡུག་གསུམ། །དཔྱིད་ཉི་རིང་མོ་གྲང་གསུམ་དྲོ་གསུམ། །”ཞེས་པའི་གདམ་ངག་གི་བདུད་རྩི་ལས་མྱོང་ཚོར་ཐུབ་ཀྱང་དུས་རབས་ཉེར་གཅིག་གཞོན་ནུ་རྣམས་ཀྱི་ཁྲ་ཆུང་མིག་ཟུང་ནང་མི་ཚེའི་ལམ་བུ་ནི་བདེ་བ་ཁོ་ནས་གང་ནས་དཀའ་ངལ་ཅི་ཡང་མེད་པའི་མྱོང་བ་ངང་གིས་འོང་། འོན་ཀྱང་དུས་རབས་ཀྱི་འགྲོས་ལ་བསྙེགས་བཞིན་པའི་སྟོབས་ལྡན་གྱི་གཞོན་ནུ་ལགས། མི་ཚེ་ཟེར་བ་ནི་ཐམས་ཅད་ཁྱོད་ཀྱི་བསམ་བསམ་འདོད་འདོད་བཞིན་ཡོང་མི་སྲིད་ལ་དེ་བས་ཡོངས་རྗོགས་མངོན་འགྱུར་ཡོང་ཐུབ་པའི་ངེས་པའང་མེད།
ཇི་སྐད་དུ།“བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །”ཞེས་པའི་ཚིག་འབྲུ་བཟང་པོ་འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་བགྲོད་དཀའ་བའི་མི་ཚེའི་ལམ་ཁར་ཕམ་ཉེས་དང་གོད་ཆག་མང་དག་ཅིག་འཕྲད་སྲིད་ཅིང་། དེ་བས་ཀྱང་སྐབས་རེ་ཡིད་མུག་གི་གནས་སུ་ལྷུང་སྟེ་ཇི་ལྟར་བྱེད་མིན་མི་ཤེས་པའི་སྐབས་བློ་རྩ་བརྟན་པོས་མདུན་ཕྱོགས་སུ་བསྐྱོད་པ་ལས་མ་འོངས་པའི་འོད་སྟོང་ལྡན་པའི་ཕུགས་རེ་དེ་བློས་གཏོང་གི་བསམ་བློ་རྙིང་ཞེན་ཞིག་གིས་རྒྱབ་ཏུ་བསྐྱུར་མི་རུང་བར་ཕམ་ཉེས་ཀྱི་ཁྲོད་ནས་ལེགས་འགྲུབ་ཀྱི་བསླབ་བྱ་བླངས་ཏེ་ཐག་རིང་ནས་རང་ཉིད་ལ་གཡབ་མོ་བྱེད་བཞིན་པའི་ཕུགས་འདུན་གྱི་ཕྱོགས་སུ་བསྐྱོད་དགོས། མི་ཚེའི་ལམ་བུ་ནི་ཁ་དོག་རྣམ་པར་བཀྲ་བའི་དབང་པོའི་གཞུ་རིས་ཤིག་དང་མཚུངས་ཤིང་མངར་སྐྱུར་འདྲེས་མའི་འཚོ་བ་ཡི་ལམ་ཁར་ཡོད་ཚད་རླུང་རྟ་ཡར་འགྲོར་སོང་བའི་ངེས་པ་མེད་པར་སྐྱིད་སྡུག་གི་འཁོར་ལོ་རེས་མོས་ཅན་དེ་སྐྱེ་བོ་ཚང་མར་ཡོང་བ་སྨོས་མེད་རེད། ཐོས་བསམ་གྱི་གཤོག་ཟུང་སྔོ་བསངས་ཀྱི་ལྷ་ལམ་ཡངས་མོར་བསྐུར་ནས་དོན་དངོས་ཀྱི་འཚོ་བ་ནི་ཅི་འདྲ་ཞིག་ཡིན་མིན་སོམས་དང་། དོན་ངོ་མར་མི་ཚེའི་ལམ་ཁ་ནི་རྙིང་ཞེན་དང་སྒྱིད་ལུག་གི་དྲ་བར་ཚུད་པའི་གང་ཟག་རྣམས་ལ་གཏན་དུ་མི་དབང་བར་བརྩོན་འགྲུས་ཀྱི་ཅང་ཤེས་ནན་གྱིས་བསྐུལ་ཏེ། ཡངས་པའི་རྩྭ་ཐང་མཐའ་གཅིག་ཏུ་འགྲིམས་ནས་ཤེས་རིག་གི་རྒྱགས་ཕྱེ་འཚོལ་བར་སྐྱོད་མཁན་གྱི་བཟོད་བསྲན་སྡུག་རུས་ཆེ་བའི་སྐྱེ་འགྲོ་རྣམས་ལ་དབང་བ་ཞིག་ལོས་ཡིན། “སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས། །ཤེས་རབ་ཅན་དེ་སྤང་ལ་མེ་ཤོར་འདྲ། །”ཞེས་གྱ་གྱུའི་ལམ་ཕྲན་དང་མཉམ་པའི་མི་ཚེའི་ལམ་བུ་བགྲོད་སྐབས་གཙོ་བོ་ཆེ་ཤོས་ང་ཚོ་རང་ཉིད་ཀྱི་སྙིང་རུས་ལ་རག་ལས་ཡོད་པས། ང་ཚོའི་དུས་རབས་འདིར་རྒྱལ་ཁའི་འབྲས་བཟང་ལེན་མཁན་མཐའ་དག་ནི་རྣམ་དཔྱོད་དང་སྙིང་རུས་ཅན་རྣམས་ཡིན།
ང་ཚོའི་སེམས་ཀྱི་འདུན་པ་དང་བདེ་སྐྱིད། རྣམ་དག་གི་བརྩེ་བ་བཅས་མ་འོངས་པའི་ལག་ཏུ་བསྣམས་ཡོད་པས་ད་ལྟའི་དུས་བཟང་ལ་གཅེས་སྤྲས་བྱས་ཏེ། ཕུགས་འདུན་གྱི་སླད་མདུན་དུ་བསྐྱོད་པ་ལས་རྒྱལ་ཁ་ཤོར་ནས་མི་སྡོད་པར་མ་འོངས་བསྐྱར་དར་གྱི་ལག་ཟུང་མཐོན་པོར་བསྒྲེངས་ནས་བསྐྱོད་དགོས་ཨང་། ནམ་ཞིག་ང་ཚོས་གཞི་ནས་རྒྱང་རིང་གི་གནས་ཤིག་ན་ད་གཟོད་རང་ལ་དབང་བའི་ཕུགས་སྨོན་གྱི་སྤྱིལ་བུ་ཆུང་ཆུང་ཞིག་ལ་ལྗང་མདོག་གི་འོད་ལྷམ་མེར་འཚེར་གྱིན་ཡོད་པ་རིག་ཐུབ་ལ་དེ་བས་རང་གི་ཕུགས་འདུན་ཡང་འཕྲལ་མར་མངོན་འགྱུར་ཡོང་བ་ཚོར། “མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །”བརྩོན་འགྲུས་ནི་བྱ་བ་ལེགས་འགྲུབ་ཡོང་བའི་སྔོན་འགྲོ་ཡིན། གལ་སྲིད་མགོ་ནག་མི་ལ་བརྩོན་འགྲུས་དང་ལྡན་པར་མི་འགྱུར་ཚེ་བྱ་བ་ཅི་ཡང་ལེགས་འགྲུབ་ཡོང་མི་ཐུབ་པ་རེད།
ང་ཚོའི་དུས་རབས་འདི་ཤེས་བརྩོན་ཟུང་འབྲེལ་གྱི་སྐྱེ་འགྲོ་དག་ལ་དབང་བ་ནི་ཇི་སྐད་དུ།“ཤེས་རབ་ཟབ་མོའི་མཚོན་ཆ་རྣོ་ན་ཡང་། །བརྩོན་འགྲུས་ལག་པའི་ཤེད་དང་མ་འབྲེལ་ན། །གཏི་མུག་དགྲ་ཡི་མགོ་གཅོད་མི་ནུས་པས། །ཤེས་བརྩོན་ཟུང་འབྲེལ་གྱིས་ཤིག་སློབ་གྲོགས་ཚོ། །”འདི་ལྟའི་བདུད་རྩི་ཡི་ཆབ་རྒྱུན་འདྲ་བ་འདིའི་དོན་ལ་ང་ཚོས་ཟབ་མོར་དཔྱད་དེ་སྙིགས་དོར་བཅུད་ལེན་གྱིས་མཁོ་བ་དང་དུ་ལེན་ཞིང་གང་ཞིག་གྲོགས་མཆོག་ཏུ་བསྟེན་རྒྱུ་གསལ་པོར་རྟོགས་དགོས་སོ། །
ལྷ་ས་ཅང་སུའུ་ཚོད་སློབ་ལང་ཚོའི་མེ་ཏོག་རྩོམ་རིག་ཚོགས་པ།
ཟུར་ཁྲིད་དགེ་རྒན། ཚེ་བརྟན་རྒྱལ་པོ།