西藏青年报藏文版གལ་ཆེའི་གསར་འགྱུར། རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ། པར་རིས་གསར་འགྱུར།

放大 缩小 默认

རང་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ།

ཉེ་དུས། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག རིམ་དབྱེ་རིགས་དབྱེའི་ཇུས་འདོན་བཅས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་གྱིས་རྒྱ་ཆེའི་ཏང་ཡོན་ཚོས་བསམ་བློའི་གོ་རྟོགས་མཐོ་རུ་དང་། འགན་སྒྲུབ་འཇོན་ཐང་ཆེ་རུ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཅས་གཏོང་བར་སྐུལ་འདེད་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ལས་ཀའི་ནུས་པ་དང་ཆུ་ཚད་ལ་ཞིབ་བཤེར་བྱས་པ་རེད།

རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ལས་འགན་ཁག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཨུ་ལྷན་འགོ་ཁྲིད་ཚན་ཁག་གི་ཁོངས་མིས“གནས་གཅིག་འགན་གཉིས”ཀྱི་ལས་འགན་ཧུར་ཐག་སྒྲུབ་པ་དང་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཁར། སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་དང་། འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག་བཅས་ཀྱི་ནང་དོན་གལ་ཆེན་ནང་བཅུག་ཡོད། ཨུ་ལྷན་ལས་ཁུངས་ཀྱི་ཀྲི་པུའུ་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་བརྒྱུད་སློབ་སྦྱོང་སློབ་གསོ་དེ“དགོངས་པ་སློབ་སྦྱོང་དང་། ལས་སྒོར་སྣང་ཆེན། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བྱང་ཚད་མཐོ་རུ་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་གཞོན་ནུ་ལས་བྱེད་པའི་སློབ་སྦྱོང་སློབ་གསོར་དོ་ཁུར་ལྷག་པར་བྱས་ནས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོས་ཡོད་པ་རེད།

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སོགས་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། ཚང་མས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དང་ཟུང་འབྲེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་རིགས་པའི་གཞུང་ལུགས་སྦྱོང་བ། ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་པ། ཕུགས་ཕན་མངོན་གསལ་དོད་དུ་བཏང་སྟེ་ལམ་སྲོལ་འཛུགས་པ་བཅས་བྱས་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པར་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཞིབ་ཕྲའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་ཐོག་ཏུ་སྐུལ་སློང་བཀོད་སྒྲིག་གིས་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་དབྱེའི་སློབ་གསོ་སོགས་ལ་དམིགས་ནས་ཞིབ་ཕྲའི་ལས་ཀའི་བྱེད་ཐབས་ཁག་16ཁ་གསལ་བཟོས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད། ཅུས་ལས་ཁུངས་གཞུང་ལས་ཁང་གི་ཚོམས་ཆེན་གྱི་དྲིལ་བསྒྲགས་ཡིག་སྒྲོམ་དུ་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ནང་དོན་སྦྱར་བ་དང་ཏང་ཡོན་ལས་བྱེད་པར་སློབ་སྦྱོང་གི་དཔྱད་གཞི་སྤྲད་ཡོད་པ་རེད།

ཆབ་མདོ་གྲོང་ཨུད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་ནས། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་རྒྱུན་རྣམ་ཕུགས་ཕན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཕྱོགས་ལྔ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཞིབ་ཕྲའི་བྱེད་ཐབས་ཁག་15ཞིབ་ཚགས་སུ་བཏང་ཞིང་། གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་གཏིང་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། ཆབ་སྲིད་ཀྱི་ཞིབ་བཤེར་ནན་པོ་བྱེད་པ། ཐག་གཅོད་དཀའ་བའི་གནད་དོན་འབེན་དམིགས་ཡོ་བཅོས་བྱེད་པ་བཅས་ཀྱི་ལས་དོན་ཁ་གསལ་བཟོས་པ་དང་། གཉིས་ནས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་བཏང་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ། སྦྲང་ཟ་གྲོག་རུལ་ལ་ཆད་གཅོད་ནན་པོ་བྱེད་པ་བཅས་ཀྱི་ལས་དོན་ཁ་གསལ་བཟོས་པ། གསུམ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་དུ་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཡང་གཏོང་དང་། མཐུན་རྐྱེན་སྦྱོར་བ། ཕན་འབྲས་ཆེར་གཏོང་བཅས་མུ་མཐུད་བྱས་ཏེ་ཁུར་པོ་ཡང་གཏོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། གཙོ་གནད་ལ་དམིགས་ནས་རྩ་ལག་ཟུང་བཅོས་བྱེད་པ། དྲང་ལྡོག་དཔེ་མཚོན་སློབ་གསོ་ཡག་པོ་སྤྱོད་པ་བཅས་ཀྱི་ལས་དོན་ཁ་གསལ་བཟོས་པ། བཞི་ནས་འཕྲལ་སྒྲུབ་ལག་བསྟར་གྱིས་ལས་འགན་ཁག་དམ་འཛིན་དངོས་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་སྐུལ་འདེད་གཏོང་བ། དངོས་སྒྲུབ་འགན་འཁུར་ལ་ཞུན་བརྡར་སྤྲོས་པ་བཅས་ཀྱི་ལས་དོན་ཁ་གསལ་བཟོས་པ། ལྔ་ནས་དྲང་ཕྱོགས་ཀྱི་སྐུལ་ལྕག་ལ་མཐོང་ཆེན་བྱས་ནས་བྱང་ཚད་མཐོ་བའི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་བཟང་འདེམས་འཇོན་བསྐོ་དང་། དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་སྒྲིག་སྲོལ་དམ་པ་བཅས་ཀྱི་ལས་དོན་ཁ་གསལ་བཟོས་ཡོད་པ་རེད།

མཚམས་གཅོད་ཀྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明