ངའི་མི་ཚེའི་ནང་ལ་མི་ཁྱུ་དང་ཁྱུ་འཕྲད་མྱོང་། ང་ལ་དགའ་པོ་བྱེད་མཁན་དང་སྡུག་པོ་བྱེད་མཁན་སོགས་མང་པོ་ཡོད། དེའི་ནང་ནས་ང་ལ་སྙིང་ཐག་པ་ནས་རོགས་རམ་བྱེད་མཁན་དང་སྐྱིད་པོ་བྱུང་ན་བསམ་མཁན་ནི་མི་གཉིས་ལས་མེད། དེ་གཉིས་ནི་བདག་གི་དྲིན་ཆེན་ཡབ་ཡུམ་གཉིས་པོ་ཡིན།
ང་ཚོ་འཇིག་རྟེན་འདི་རུ་སླེབས་ནས་མིག་གི་མཐོང་རྒྱུ་དང་པོ་ནི་ཕ་མ་གཉིས་པོ་ཡིན། གལ་སྲིད་ང་ཚོ་ན་བ་སོགས་བྱུང་ན་ང་ཚོར་སེམས་ཁྲལ་བྱེད་མཁན་ཁོང་གཉིས་མ་གཏོགས་མེད། ཕ་མས་ང་ཚོར་བཅངས་པའི་བརྩེ་བ་ནི་སྔོ་སངས་ནམ་མཁའ་ལས་ཀྱང་རྒྱ་ཆེ་བ་ཡིན། ཁོང་གཉིས་ཀྱིས་ཉིན་ལྟར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་ང་ཚོར་ལྟ་རྟོག་བྱེད་པ་དང་། ང་ཚོར་མིའི་བྱེད་ལུགས་བྱེད་སྟངས་དང་ལས་ཀ་ལས་ལུགས་ལས་སྟངས་སོགས་སློབ་ཀྱི་ཡོད་པས་ཁོང་གཉིས་ནི་ངའི་སེམས་གཏིང་གི་དཔའ་བོ་དེ་ཡིན།
གལ་སྲིད་ང་དང་ཕ་མའི་བར་ལ་ཁ་རྩོད་ཤོར་ཚེ། ངའི་སེམས་ནང་བསམ་རྒྱུ་ནི་ཨ་ཕ་དང་ཨ་མ་ལ་དགྲ་འཛིན་བསམ་པའི་བསམ་པ་གཏན་ནས་མེད། གལ་སྲིད་ང་ལ་ཕ་མ་མེད་ན་ངས་གང་འདྲ་བྱས་ནས་འཚོ་བ་སྐྱེལ་ཐབས་བྱེད། གལ་སྲིད་ཁོང་རྣམ་གཉིས་མེད་ན་ང་ཚོ་ཁྱིམ་མེད་པའི་སྤྲང་པོ་དང་འདྲ། ང་ཚོ་ད་ལྟ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དྲོན་མོའི་ནང་བཟའ་རྒྱུ་དང་གོན་རྒྱུ་ལ་དཀའ་ངལ་མེད་པ་ནི་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན།
ང་ཚོ་དང་ང་ཚོའི་ཕ་མ་མཉམ་དུ་འཕྲད་པ་ནི་ལས་ཀྱི་བསྐོས་ཐང་དབང་གིས་ཡིན། ང་ཚོས་ལས་དབང་འདི་དམ་འཛིན་བྱས་ནས་ཁོང་ཚོ་སྡུག་ཏུ་མི་བཅུག་པ་དང་། སེམས་ཁྲལ་བྱེད་དུ་བཅུག་མི་རུང་། སློབ་གྲྭར་སླེབས་རྗེས་སློབ་སྦྱོང་ཡག་པོ་བྱས་ནས་ཁོང་རྣམ་གཉིས་ཀྱི་དྲིན་ལན་འཇལ་དགོས།
དུས་ཚོད་ནི་ཆུ་མོ་ལྟར་རྒྱུག་ཕྱིན་ནས་ང་ཚོ་ཉིན་རེ་ནས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཡབ་ཡུམ་གཉིས་ནི་ཉིན་རེ་ནས་ཉིན་རེ་བཞིན་སྐྲ་དཀར་དང་གཉེར་མའི་འཇབ་རྒོལ་ཐེབས་པ་ཅི་འདྲའི་སྐྱོ་བ་ལ་ཨང་། ང་ཚོ་སློབ་གྲྭ་ངལ་གསོ་བཞག་ནས་ནང་ལ་ལོག་རིམ་བཞིན། ཨ་མས་རྟག་ཏུ་ཁྱིམ་གྱི་སྒོ་འགྲམ་ནས་དགའ་བའི་དགོད་འཛུམ་དང་བཅས་ང་ཚོ་སྒུག་ནས་སྡོད། ལྕགས་ཐབ་གྲུ་བཞིའི་ནང་ལྕི་བ་བཏབ་ནས་མེ་ཚ་འུར་འུར་དུ་གཏོང་ཞིང་། ཁ་ལག་བཙོས་པའི་རླངས་པའི་དྲི་ཞིམ་ཐུ་ལུ་ལུ་བྱེད་པས། རྣམ་པ་འདི་འཇིག་རྟེན་འདིའི་ཐོག་མཛེས་སྡུག་ལྡན་ཤོས་ཀྱི་ཡུལ་ལྗོངས་སུ་འདོད་ཅིང་། རང་ཉིད་ནི་ཆེས་སྐྱིད་པའི་གོ་ལ་འདིའི་ཕྲུ་གུ་ཞིག་ཏུ་བསམས།
ཕ་མའི་རེ་བ་ཚང་མ་ང་ཚོར་བཅོལ་ཡོད་པས། ང་ཚོས་ཕ་མའི་རེ་བ་ཆུད་ཟོས་སུ་གཏོང་རྒྱུ་མེད། ངའི་རེ་བར་རང་ཉིད་ཀྱི་འབད་བརྩོན་གོམ་སྟབས་ནམ་ཡང་མདུན་ཕྱོགས་སུ་བརྟན་པོར་སྤོས་ནས། ཁོང་གཉིས་ཀྱི་སྐྲ་དཀར་མང་དུ་མ་སོང་བའི་གོང་ལ་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ཐུབ་པ་བྱེད་རྒྱུ་དེ་ཡིན་ནོ། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།