西藏青年报藏文版གལ་ཆེའི་གསར་འགྱུར། ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་གཉེར་རྣམ་གྲངས་ལོ་ངོ་ཉི་ཤུ་ཡི་ནང་འབྲི་ཆུའི་ལྷོ་ངོས་ཀྱི་དཔྱིད་འགོའི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པ། གཞིས་རྩེ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རིག་ཁང་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ།

放大 缩小 默认

ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་གཉེར་རྣམ་གྲངས་ལོ་ངོ་ཉི་ཤུ་ཡི་ནང་འབྲི་ཆུའི་ལྷོ་ངོས་ཀྱི་དཔྱིད་འགོའི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པ།

ལོ་19ལ་སོན་པའི་ཁྲེན་ཤིན་སློབ་ཆེན་གྱི་ཐེམ་པ་བགམ་པའི་ཐེངས་དང་པོར་ལུས་རྩལ་ཁང་མདུན་གྱི་སྐལ་བཟང་མེ་ཏོག་གིས་ཁོ་མོའི་ཡིད་དབང་རབ་ཏུ་འཕྲོག་པ་རེད། གཞི་རྒྱ་དེ་ཙམ་མེད་པའི་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཁོ་ར་ཁོར་ཡུག་མེ་ཏོག་གིས་བྱུ་བུར་བཏམས་ཤིང་མེ་ཏོག་སྣ་རྒྱའི་མཛེས་པས་འདྲེན་བྱེད་མིག་ཉིད་སྦྲིད་པར་བྱེད། རང་གི་བློ་ངོར་འཐད་པའི་སྐལ་བཟང་མེ་ཏོག་པར་དུ་ལེན་ནས་དེའི་འབྱུང་ཁུངས་འཚོལ་བའི་ཚེ། དེ་ནི་བོད་ལྗོངས་ལྷ་སའི་གྲོང་ཁྱེར་མཚོན་བྱེད་ཀྱི་མེ་ཏོག་ཅིག་ཡིན་པ་ཤེས། དེ་ནས་བཟུང་གངས་ལྗོངས་ས་མཐོར་རྒྱུས་ལོན་བྱེད་པའི་འདུན་པའི་མེ་ཏོག་འཁྲུངས།

སྐལ་བཟང་མེ་ཏོག་དང་འཕྲད་ན་རླུང་རྟ་འཕེལ་བའི་ཤོད་རྒྱུན་ཞིག་ཡོད།

ད་ལོའི་ཟླ་བ་7པར། སྐལ་བཟང་མེ་ཏོག་ལ་དུང་བ་ཤིན་ཏུ་ཟབ་པའི་ཁྲེན་ཤིན་ནུབ་རྒྱུད་འཆར་འགོད་ལ་མིང་ཐོ་འགོད་ནས་བོད་དུ་ཡོང་བ་རེད། མ་གཞི་གངས་ལྗོངས་མཁའ་ལམ་ཐོག་ལམ་བར་གྱི་མཛེས་པ་དང་གློག་འོད་རྣམ་པར་བཀྲ་བའི་གངས་ལྗོངས་གསར་པའི་མཛེས་པ་ཡོད་ཚད་ལོངས་སྤྱོད་པར་འདོད་མོད། འོན་ཀྱང་ཡུལ་ལྗོངས་ཡུད་ཙམ་ལས་ལོངས་སུ་སྤྱོད་ཁོམ་མ་བྱུང་བར་ལ་དུག་ཕོག་པས་མངོན་འགྱུར་མ་ཐུབ་པའི་སེམས་ཀྱི་འདུན་པ་རུམ་དུ་ཉར་ཏེ་ཉལ་ཁྲིའི་ཐོག་ཡུན་རིང་ལུས་པ་རེད། ང་ཚོས་རེ་སྙེག་བྱེད་པའི་དོན་སྙིང་ཐ་དག་ནི་ཉེ་བར་མ་བཅར་བའི་སྐད་ཅིག་ཉིད་དུ་ངོ་མཚར་དང་རེ་བའི་ཁུར་གྱི་ལྗིད་པ་ཞིག་ཡིན། དེ་ནི་ངོ་མཚར་གྱིས་ཕྱུག་པའི་མཛེས་པ་ཡོད་ཚད་རང་ཉིད་ཀྱི་ཉམས་སུ་མྱོང་བའི་ཚེ་ན་གང་དེའི་ཡོད་ཚད་གང་གི་མྱོང་ཆར་གྱུར་བ་དང་འདྲ། ཟླ་ཕྱེད་ཙམ་ངལ་གསོ་བརྒྱབ་རྗེས་ཁྲེན་ཤིན་གྱིས་དང་བླངས་པའི་འགན་འཁྲི་ཕྲག་ཏུ་འཁུར་ཏེ་ཁོ་མོའི་ལང་ཚོའི་མེ་ཏོག་ནུབ་རྒྱུད་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དུ་བཀྲག་མདངས་འཚེར་ཞིང་ཞལ་ཁ་རབ་ཏུ་ཕྱེ་བའི་དམ་བཅའ་བརྟན་པོར་བཞག་པ་རེད།

དང་བླངས་མེ་ཏོག་བཞད་ཅིང་འདབ་བརྒྱ་གྲོལ།

འབད་འཐབ་ཀྱི་དམ་བཅའ་བཞག་པའི་ཉི་མོ་ནས་བཟུང་ལང་ཚོའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་བའི་འདུན་པ་ནི་འགོག་དུ་མེད། བོད་དུ་འབྱོར་བའི་ཟླ་བ་བཞི་ལྷག་གི་ནང་སྡེ་ཁུལ་དང་། སློབ་གྲྭ། ཕན་བདེ་ཁང་། སྲུང་ལྔ་ལྟེ་གནས་སོགས་དང་བླངས་ཀྱི་ཞབས་ཞུ་དགོས་ཚད་ལ་ཁྲེན་ཤིན་གྱིས་ཞབས་ཞུ་བསྒྲུབ་པ་མཐོང་རྒྱུ་ཡོད།

གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་ཁོ་མོས་དང་བླངས་ཞབས་ཞུ་ཐོག་མ་དེ་བསྒྲུབ་པ་རེད། འདེམས་ཤོག་སྤྲོད་རྒྱུ་ནི་ཚོགས་ཆེན་འདིའི་དོན་གནད་གལ་ཆེན་ཞིག་ཡིན། ལུས་ལ་དང་བླངས་པའི་གྱོན་ཆས་གྱོན་པའི་དང་བླངས་པ་ཚོས་འདེམས་ཤོག་ཀྲུའུ་ཞི་སྟེགས་བུའི་ཐོག་གི་ཧྲུའུ་ཅིའི་ཕྱག་ཏུ་ཕུལ་སྐབས། སེམས་དབུས་ཀྱི་སྐལ་བཟང་མེ་ཏོག་གི་ཞལ་ཁ་དེ་ནས་ཕྱེ་འགོ་ཚུགས། ཞོ་སྟོན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ལུས་ལ་བོད་ཆས་གྱོན་པའི་སྣེ་ལེན་པ་ཚོས་གཟིགས་མོ་བ་ཚོར་ལམ་སྟོན་བྱེད་པའི་ལས་ལ་བྲེལ། སྲུང་ལྔ་ལྟེ་གནས་སུ་དང་བླངས་པ་ཚོས་ཁེར་རྐྱང་དུ་ལུས་པའི་རྒན་རྒོན་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུ། དུས་ཆེན་གཉིས་ཀྱི་མཛའ་འབྲེལ་ཚོགས་འདུའི་ཐོག་མྱུར་སྐྱེལ་བའི་འགན་འཁྲི་ཕྲག་ཏུ་འཁུར་ནས་ལྷ་ས་གྲོང་ཁྱེར་གྱི་ནུབ་རྒྱུད་འཆར་འགོད་དང་བླངས་པ་ཡོངས་ལ་དུས་ཆེན་གྱི་སྨོན་ཚིག་དུས་ཐོག་སྐྱེལ་བའི་ལས་ལ་བརྩོན། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་བདེ་བླག་ངང་སྤེལ་ཆེད་ནུས་ཤུགས་ཡོད་རྒུས་དང་བླངས་པའི་ཞབས་ཞུ་བསྒྲུབ་པར་བརྩོན། ལྷག་བསམ་དག་པའི་གཞོན་ནུ་ཡི། དབང་སྐྱོན་མི་སྣར་རོགས་རམ་སྒྲུབ་ཅེས་པའི་བྱེད་སྒོའི་ཐོག་གཙོ་སྐྱོང་བ་ཆུང་ཆུང་ཞིག་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་དུ་སྤེལ་ཆེད་ཁོ་ཚོའི་ཐོན་རྫས་ཚོང་རོགས་བྱེད། ཀྲུང་གོའི་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ཚོགས་པ་ཉི་མ་མེ་ཏོག་སྤྱི་ཕན་སློབ་ཚན་ཐོག་བྱིས་པའི་སྨན་རྫས་བེད་སྤྱོད་ཡང་དག་བྱས་ཏེ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཤེས་བྱ་སྒྲོག་འགྲེལ་བྱས། སེམས་ཀྱི་མེ་ཏོག་གི་ས་བོན་དེ་དང་བླངས་པའི་ཞབས་ཞུ་རེ་རེའི་ཁྲོད་དུ་མྱུ་གུ་འབུད་ཡོད་དེ། ཁྲེན་ཤིན་གྱིས་རང་ཉིད་ཀྱི་བསྒྲུབ་འདོད་པའི་དོན་སྙིང་ལྡན་པའི་བྱ་བ་དེ་དག་ལག་ལེན་དངོས་ཀྱི་ཐོག་ནས་བསྒྲུབ་ཐུབ་ཡོད།

ཆོད་སེམས་འགྱུར་མེད་ལང་ཚོའི་གཟི་མདངས་ངོམ།

རླབས་ཀྱི་ཟེགས་མ་ཁ་ལ་འཐོར་བའི་རྒྱ་མཚོ་ནི་ཆུ་ཐིགས་རེ་རེ་ལས་གྲུབ་པ་ཞིག་ཡིན། ཁོ་མོས་རང་ཉིད་འགྲོ་བར་འདོད་པའི་ས་དེར་ཡོང་ནས་ནུབ་རྒྱུད་འཆར་འགོད་ལྷ་ས་གྲོང་ཁྱེར་རྣམ་གྲངས་གཞུང་ལས་ཁང་དུ་ལས་ཀ་བསྒྲུབ་པ་རེད། ལས་ཀ་བསྒྲུབ་པའི་བརྒྱུད་རིམ་ཁྲོད་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་སྣ་ཚོགས་བྱུང་ཡོད་ལ་རེ་བའི་ཡིད་ཆེས་དང་ཡིད་མུག་གི་སྐྱོ་བའང་སྐྱེ་ཡོད། ཁྲེན་ཤིན་གྱི་ནུབ་རྒྱུད་འཆར་འགོད་ཀྱི་དང་བླངས་ལས་ཀར་འཇུག་པའི་གོམ་པ་རེ་རེའི་ནང་དགའ་སྐྱོ་འདྲེས་མའི་ཚོར་སྣང་སྨྲ་བསམ་བརྗོད་ལས་འདས་པ་ཞིག་བྱུང་ཡོད།

དང་བླངས་པ་དང་ཞབས་ཞུ་བྱ་ཡུལ་གྱི་སྐབས་རེ་འཁང་ར་དང་མ་འདོད་པའི་ཚུགས་ཀ་རེ་བསྟན་སྐབས། ཁྲེན་ཤིན་གྱིས་རང་ཉིད་ལ་ད་དུང་ཡང་མི་འདང་བའི་ཆ་ཡོད་སྙམ་པ་ལས་བློ་ཕམ་དང་ཕྱི་བཤོལ་གྱི་བསམ་བློ་རྩ་བ་ནས་འཁོར་མེད། སྔར་སོང་གི་ཉམས་མྱོང་དེ་དག་ནི་མི་ཞིག་གི་མེ་ཚེའི་ནང་རིན་ཐང་བྲལ་བའི་ནོར་བུ་ཞིག་དང་མཚུངས། ལང་ཚོར་དཀའ་སྡུག་དང་བར་ཆད་ཀྱིས་བཞུན་བརྡར་བྱས་ཏེ། རང་ཉིད་ཀྱིས་བདམས་པའི་ལམ་བུའི་ཐོག་བརྩོན་པའི་རྒྱུན་མི་ཆད་པར་རེ་བའི་འབྲས་བུ་སྨིན་པར་རེ་སྒུག་བྱེད་བཞིན་མཆིས།

ཉམས་མྱོང་གི་ས་བོན་ནི་རེ་བའི་མྱུ་གུ་འབུད་པའི་གཞི་མ་དེ་ཡིན། གང་ལྟར་ནའང་། བླ་ན་མེད་པའི་སྐལ་བཟང་མེ་ཏོག་དེ་ངའི་སེམས་ཀྱི་རྒྱབ་རྟེན་དུ་བཅོལ་ནས་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་དམ་ཚིག་བཅངས་ནས་ཕུགས་འདུན་མངོན་འགྱུར་གྱི་ལམ་དུ་གོམ་པའི་འདེགས་འཇོག་སྤོ་མཚམས་བཞག་མེད།

མེ་ཏོག་ནི་སྔར་བཞིན་བཞད་ངེས་ལ་ང་ཚོ་ཡང་མུ་མཐུད་ཡོང་ངེས། དེས་ན་ནུབ་རྒྱུད་ཀྱི་གཏམ་རྒྱུད་ནམ་ཡང་རྫོགས་མི་སྲིད།

བསོད་བསྟན་གྱིས་བསྒྱུར།

放大 缩小 默认
西藏青年报社出版  |  国内统一刊号:CN54—0006  |  邮发代号:67—11
制作单位:中国西藏青年报  |  所有内容为中国西藏青年报版权所有,未经授权不得复制转载或建立镜像  |  藏ICP备2022000062号
声明