སློབ་དུས་གསར་པ་འགོ་ཚུགས་སྐབས་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ཕིང་དབྱང་རྫོང་ཁུན་དབྱང་སློབ་འབྲིང་གསུམ་པའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་གཅིག་གིས་“བརྩེ་སེམས་ལ་བརྟེན་ནས་རེ་བ་སྐོང་ནས་གཞོན་ནུ་སློབ་སྦྱོང་གི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་བ་”ཞེས་པའི་བརྗོད་བྱ་གཙོ་བོར་བྱས་པའི་བརྩེ་སེམས་ཞལ་འདེབས་བསྡུ་བའི་བྱེད་སྒོ་ཞིག་སྤེལ་བ་རེད། འཛིན་གྲྭའི་ཀྲུའུ་རེན་གྱིས་སྔོན་ལ་ཞལ་འདེབས་ཀྱི་གྲོས་འགོ་བཏོན་པ་དང་དེ་རྗེས་སློབ་གྲོགས་ཚང་མ་རིམ་བཞིན་གར་སྟེགས་སུ་བསྐྱོད་ནས་རང་ཉིད་ཀྱི་ཞལ་འདེབས་དངུལ་སྒམ་ནང་བླུགས་པ་དང་། སློབ་མ་ལ་ལས་རང་ཉིད་ཀྱི་སིལ་དངུལ་ཞལ་འདེབས་སུ་ཕུལ་བ་དང་ལ་ལས་ལོ་གསར་ལ་འབྱོར་བའི་དངུལ་ཞལ་འདེབས་སུ་ཕུལ་བ་རེད།
ཟླ་3ཚེས་4ཉིན། བྱམས་སེམས་སྡེ་ཚན་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ཕིང་དབྱང་རྫོང་ཁུན་དབྱང་སློབ་འབྲིང་གསུམ་པའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་གཅིག་གིས་གྲབས་གསོག་བྱས་པའི་བྱམས་སེམས་ཞལ་འདེབས་སྒོར་1373.8དེ་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་སྨན་ཕུག་ཤང་སྒོ་མཚོ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པས་སྒོ་མཚོ་གྲོང་ཚོའི་བོད་རིགས་གཞོན་ནུ་གསུམ་ལ་སྤྲད་པ་དང་། བྱེད་སྒོ་མ་སྤེལ་གོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ནང་གི་བྱིས་པའི་ཁྱིམ་ཚང་ཁག་ཏུ་བསྐྱོད་དེ་དགོས་མཁོ་ཡོད་པའི་སློབ་མ་རྣམས་ལ་བརྟག་དཔྱད་ཞིབ་འཇུག་གིས་ཤེས་རྟོགས་བརྒྱུད་ནས་རིན་འཛིན་སྒྲོལ་མ་(མོ། ལོ་རིམ་དྲུག་པ)དང་། ནོར་བུ་བསྟན་འཛིན་(ཕོ། ལོ་རིམ་བཞི་པ) བསྟན་འཛིན་སྒྲོལ་མ་(མོ། ལོ་རིམ་གཉིས་པ)བཅས་བདམས་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་སྒོ་མཚོ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་དཔོན་ཀྲུའུ་ལིང་ཧྲུའུ་ཡིས་རྒྱང་རིང་བརྙན་ལམ་བཀོལ་སྤྱོད་བྱས་ཏེ་གཅེས་སེམས་མ་དངུལ་དེའི་དམིགས་ཡུལ་ངོ་སྤྲོད་བྱས་པ་དང་། རོགས་སྐྱོར་ཐོབ་པའི་སློབ་མ་གསུམ་གྱིས་ཀྲེ་ཅང་ཞིང་ཆེན་ཝུན་ཀྲོའུ་གྲོང་ཁྱེར་ཕིང་དབྱང་རྫོང་ཁུན་དབྱང་སློབ་འབྲིང་གསུམ་པའི་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཅུ་གཅིག་གི་སློབ་གྲོགས་ཡོངས་དང་ངོ་ཐུག་ནས་འཚོ་བ་མཉམ་སྤྱོད་ཐེངས་དང་པོ་བྱེད་དུ་བཅུག དེ་དང་འབྲེལ་“བྱམས་བརྩེའི་ལག་རྟགས་”(དཔེ་ཁུག་དང་གློག་སྒྲོན་ཆུང་ཆུང་། ཆུ་དྲོད་ཕོར་བ། ཞ་སྨྱུག འབྲི་དེབ་སོགས་སློབ་སྦྱོང་མཁོ་ཆས)འབྱོར་བར་ཐུགས་རྗེ་ཆེ་ཞུས།
རུ་དཔོན་ཀྲུའུ་ལིན་ཧྲུའུ་ཡིས་“ཐེངས་འདིའི་བརྩེ་སེམས་འབྲེལ་མཐུད་ནི་ལས་སླ་མོ་ཞིག་མ་ཡིན་པར་ད་ཐེངས་རོགས་སྐྱོར་ཡོད་ཚད་བྱེད་རིན་ཡོད་པ་ཞིག་རེད། ང་ཚོས་རྗེས་སུ་མུ་མཐུད་བྱེད་སྒོ་དེ་རིགས་སྤེལ་ནས་ཕྲུ་གུ་ཚོར་སློབ་སྦྱོང་གི་ཆ་རྐྱེན་སྔར་ལས་ལེགས་པོ་ཞིག་བསྐྲུན་ཐུབ་རྒྱུར་རོགས་རམ་བྱེད་ཀྱི་ཡིན”ཅེས་གསུངས་ཡོད།
ཚེ་རིང་ཐར་གྱིས་བསྒྱུར།