དམའ་འབྲིང་ལོ་རིམ་གཉིས་པར་སླེབས་མ་ཐག་ང་ཚོ་འཛིན་གྲྭ་བགོས་པ་དང་། སླར་ཡང་འཛམ་གླིང་གསར་རྐྱང་ཞིག་ཏུ་སླེབས་པ་ལྟ་བུའི་སྣང་བ་ཞིག་འདུག འཇིག་རྟེན་འདི་ནས་མི་རེ་རེ་ནི་ཆ་མེད་རྒྱུས་མེད་ནས་རིམ་བཞིན་འདྲིས་ཏེ་ཆ་ཡོད་རྒྱུས་ཡོད་དུ་འགྱུར་དགོས།
འཛིན་གྲྭ་གསར་པར་སླེབས་རྗེས་ཐོག་མའི་བག་ཆགས་ཟབ་ཤོས་ནི། རྒན་དགའ་བཟང་གིས་དགོང་ཚོགས་སྐབས་ཁྲིད་སྟེགས་སུ་ལངས་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས། “དེ་རིང་ནས་བཟུང་ཁྱེད་ཚོ་ནི་འཛིན་གྲྭ་ལྔ་པའི་ཁོངས་མི་ཞིག་ཡིན”ཞེས་གསུངས་པ་ལས། བདག་ལ་སྔར་ན་མེད་པའི་ཁོངས་གཏོགས་ཀྱི་ཚོར་སྣང་ཞིག་སྦྱིན་བྱུང་། མཐའ་འཁོར་གྱི་ངོ་གདོང་ཚང་མ་གསར་པ་ཡིན་ན་ཡང་། བདག་ལ་སྔོན་ཆད་ཡོད་མ་མྱོང་བའི་ཁོངས་གཏོགས་ཀྱི་ཚོར་སྣང་དེས་ཡོད་ཚད་ཡིད་དུ་འོང་བ་ལྟ་བུར་གྱུར།
འཛིན་གྲྭ་མ་བགོས་པའི་སྔོན་དུ། ང་ལ་ལོ་བདུན་ལ་འགྲོགས་པའི་གྲོགས་མོ་ཞིག་ཡོད། ཁོ་མོའི་མིང་ལ་ལྷ་སྐྱིད་ཟེར། ང་ཚོ་དགའ་སྤྲོ་དང་མིག་ཆུ་གྲངས་མེད་མཉམ་དུ་མྱོང་ཞིང་། བརྗེད་དཀའ་བའི་ལོ་ཟླ་མང་པོ་ལྷན་དུ་བསྐྱལ་བས། ངེད་གཉིས་བར་དུ་བརྗོད་མི་ཚར་བའི་སྐྱིད་སྡུག་འདྲེས་མའི་གཏམ་རྒྱུད་མང་པོ་ཤོད་རྒྱུ་ཡོད། འོན་ཀྱང་འཛིན་གྲྭ་བརྗེས་ནས་ངེད་གཉིས་ལྷན་དུ་མ་ཁེལ་ཞིང་། མོ་རང་འཛིན་གྲྭ་བཞི་པ་དང་། ང་ནི་འཛིན་གྲྭ་ལྔ་པར་ཁེལ་བྱུང་། འཛིན་གྲྭ་གསར་པའི་ནང་དུ་ང་ལ་གྲོགས་མོ་གསར་པ་འགའ་ངོ་ཤེས་བྱུང་སྟེ། སྲི་ཐར་ལྷ་མཚོ་དང་། ཚེ་གཡང་ལྷ་མོ། ཚེ་རིང་སྐྱིད་མོ་བཅས་རེད། སྲི་ཐར་ལྷ་མཚོ་ནི་དབྱིན་ཡིག་གི་སྦྱངས་འབྲས་ནམ་ཡང་མདུན་གྲལ་དུ་སླེབས་ཡོད་ཅིང་། ཁོ་མོའི་སྐད་ཡིག་གི་ཆུ་ཚད་ལ་ཡང་ང་རང་ཡིད་སྨོན་ཆེན་པོ་ཤོར། ཚེ་གཡང་ལྷ་མོ་རྒྱ་ཡིག་གི་ཐད་ལ་ཐུན་མོང་མ་ཡིན་པའི་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པ་དང་། རྒྱ་ཡིག་དང་འབྲེལ་བའི་ཤེས་བྱ་ཚང་མར་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད། ཚེ་རིང་སྐྱིད་མོ་ནི་ལག་རྩེད་སྤོ་ལོར་བྱང་ཆུབ་པ་མ་ཟད། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་བཟང་བའི་གྲས་ཡིན། ངའི་གྲོགས་མོ་དེ་དག་ལ་ཡོན་ཏན་སྣ་ཚོགས་ལྡན་པས་འཛིན་གྲྭ་ཡོངས་ལ་སྔར་མེད་ཀྱི་གསོན་ཤུགས་སྦྱིན་པའི་ནུས་པ་ཡོད་ལ། རང་ཉིད་ཀྱི་ངོས་ནས་ཁོང་ཚོ་དང་ལྷན་དུ་ཕན་ཚུན་དབར་དགའ་སྐྱོ་ཆགས་སྡང་གི་མྱོང་ཚུལ་སྣ་ཚོགས་ཤོད་རེས་བྱེད་པས། འཛིན་གྲྭ་གསར་པའི་ནང་ཁོང་ཚོ་ནི་ངའི་སྐྱིད་སྡུག་ཤད་སའི་ཕ་མ་དང་ཆགས་སྡང་གླེང་སའི་སྤུན་མཆེད་ལྟ་བུར་གྱུར་ཡོད། །
སྐབས་རེར་ང་རང་ཚེ་རིང་དར་འཛོམས་ཟེར་བའི་སློབ་གྲོགས་ཤིག་ཡོད་པ་དེ་དང་ལྷན་དུ་འགྲོགས་རྒྱུར་དགའ། ཁོ་མོ་སློབ་སྦྱོང་ཡག་པོ་ཡོད་ལ་ཀུན་སྤྱོད་ཀྱང་ཧ་ཅང་ཡག་པོ་ཡོད། མོ་ནི་དུས་རྒྱུན་གཞན་ལ་རོགས་རམ་བྱེད་པར་དགའ་ཞིང་། མི་གཞན་ལ་བསམ་ཤེས་ཐུབ་མཁན་ཞིག་རེད། འོན་ཀྱང་སློབ་ཁྲིད་བྱེད་པའི་དུས་སུ་མོ་རང་ལན་འདེབས་རྒྱུར་དགའ་པོ་དེ་ཙམ་མེད། དེར་བརྟེན། ཕྱི་ཚུལ་ནས་བལྟས་ན་མོ་རང་སློབ་སྦྱོང་ཡག་པོ་ཡོད་པ་རྟོགས་དཀའ། དེ་ནི“བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ། །མཁས་པའི་ཡོན་ཏན་ཁོང་དུ་སྦེད། །སོག་མ་ཆུ་ཡི་སྟེང་དུ་འཕྱོ། །ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་། །”ཞེས་པའི་དོན་དང་ཤིན་ཏུ་མཐུན་པར་སྙམ། འོན་ཀྱང“དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ཏུ་ཁྱབ་པར་གསལ། །”ཞེས་པ་བཞིན། རིམ་བཞིན་གཤིབ་ནས་འདྲིས་པར་གྱུར་ཚེ་ཁྱོད་ཀྱིས་ག་ལེར་ཁོ་མོར་ཡོན་ཏན་ཅི་ཙམ་ཡོད་པ་རྟོགས་ངེས་རེད།
གྲོགས་མོ་གསར་པ་འདི་ཚོ་ལ་རང་རང་སོ་སོའི་ཁྱད་ཆོས་རེ་ཡོད་པ་དང་། ཚང་མར་འོད་འཚེར་སའི་གནད་རེ་ཡོད་པས། ཁོང་ཚོའི་དྲིན་གྱིས་ངའི་མ་འོངས་པའི་དམའ་འབྲིང་འཚོ་བ་ཕུན་སུམ་ཚོགས་པོ་ཞིག་ཏུ་འགྱུར་ཁོ་ཐག་ཡིན། ང་ཚོའི་མདུན་དུ་དཀའ་སྡུག་སྣ་ཚོགས་འཕྲད་སྲིད་ན་ཡང་། མཉམ་དུ་མཐུན་སྒྲིལ་བྱས་ཏེ་དཀའ་སྡུག་ལས་རྣམ་པར་རྒྱལ་བའི་ཐབས་ཤེས་འཚོལ་དགོས། འཛིན་གྲྭ་གསར་པའི་ནང་དུ་ང་ལ་སློབ་རོགས་གསར་པ་ཁོང་ཚོ་ལྟ་བུ་ཡོད་པས། རང་གི་མ་འོངས་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། །
འབྲི་རུ་རྫོང་སློབ་འབྲིང་དང་པོའི་ལོ་རིམ༨(༥)
ཟུར་ཁྲིད་དགེ་རྒན། དགའ་བཟང་།